བོད་མི་ཚོས་ཁེ་ཎ་ཌའི་ཕྱི་འབྲེལ་ལས་ཁུངས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཡོང་བའི་འབོད་སྐུལ་གནང་འདུག

བོད་མི་ཚོས་ཁེ་ཎ་ཌའི་ནང་བོད་དོན་ཞུ་གཏུག་དང་མཉམ་ཁེ་ཎ་ཌའི་ཕྱི་འབྲེལ་ལས་ཁུངས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཡོང་བའི་འབོད་སྐུལ་གནང་འདུག

བོད་མི་ཚོས་ཁེ་ཎ་ཌའི་ནང་བོད་དོན་ཞུ་གཏུག་སྐབས། ༠༥།༡༡།༢༠༢༣ ཨྱོན།/RFA

དེ་ཡང་འདི་ཚེས་༡༡ཉིན་ཁེ་ཎ་ཌ་བོད་དོན་ལྷན་ཚོགས་དང་། ཀྲོ་རོན་ཀྲོ་ས་གནས་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ། ཨོ་ཊ་ཝ་བོད་རིགས་སྤྱི་མཐུན་ཚོགས་པ། མོན་ཁྲི་རེའོ་བཅས་ཀྱི་བོད་མི་༣༠ལྷག་ཙམ། ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝའི་དབུས་གྲོས་ཚོགས་འོག་མའི་ཆབ་སྲིད་ཚོགས་པ་ཚང་མའི་འཐུས་མི་བཅུ་ལྷག་གི་སར་དངོས་སུ་བཅར་ནས་བོད་དོན་ཞུ་གཏུག་གནང་ཡོད་པ་དང་མཉམ། གཙོ་བོ་ཁེ་ཎ་ཌའི་ཕྱི་འབྲེལ་ལས་ཁུངས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་གནང་དགོས་པའི་རེ་འདུན་འབོད་སྐུལ་གནང་ཡོད་པ་རེད།
དེ་བཞིན་ཞུ་གཏུག་སྐབས་ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་པ་དང་། རྒྱ་ནག་གཞུང་གིས་བོད་པའི་རིག་གཞུང་རྩ་མེད་བཟོ་བཞིན་པའི་གནས་སྟངས། བོད་མིའི་འགྲོ་སྡོད་སྤྱོད་གསུམ་ལ་རང་དབང་མེད་པ། བོད་མིའི་ཁྲག་རིགས་རྒྱུད་རྫས་བསྡུ་རུབ་བྱེད་བཞིན་པ། བོད་རིགས་གཞོན་སྐྱེས་མང་པོ་ངལ་རྩོལ་སྐུལ་བ་བཅས་གསལ་བཤད་གནང་བ་དང་། བོད་ནང་གི་གནས་སྟངས་ལ་གཞིགས་ནས་གང་ཅིར་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་ཞུ་སྐུལ་གནང་ཡོད་པ་དང་། བཅར་ཡུལ་གྲོས་ཚོགས་འཐུས་མི་རྣམ་པས་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ་ཡིན་པ་ཞལ་བཞེས་གནང་བྱུང་བ་སོགས། ཁེ་ཎ་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པར་འགྲེལ་བརྗོད་གནང་ཡོད་པ་རེད།
ས་གནས་གཞོན་ནུའི་ཚོགས་མི་ཚེ་དབང་དོན་གྲུབ་ལགས་ཀྱིས་གསུང་ན། ད་ཐེངས་ཀྱི་བོད་དོན་ཞུ་གཏུག་ཕྱོགས་ཡོངས་ནས་གང་ལེགས་བྱུང་ཡོད་ཀྱང་། ད་དུང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་ས་གནས་བོད་རིགས་མི་མང་ནས་མུ་མཐུད་དུ་འབད་བརྩོན་གནང་ཚེ་ཁེ་ན་ཌའི་དབུས་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཀྱང་རྒྱབ་སྐྱོར་གནང་བདེ་བ་ཡོད་པ་གསུངས་བྱུང་།


གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org