བོད་ཀྱི་མཐའ་མཚམས་བོད་མི་ཚོ་རྒྱ་ནག་གི་དམག་དཔུང་ནང་འཛུལ་ཞུགས་ཡོང་ཐབས་བྱེད་བཞིན་ཡོད་འདུག
བོད་ཀྱི་མཐའ་མཚམས་ཁུལ་དུ་གནས་སྡོད་བོད་མི་ཚོ་རྒྱ་ནག་གི་དམག་དཔུང་ནང་འཛུལ་ཞུགས་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་རེ་ཟུང་ལས་འཛུལ་ཞུགས་བྱེད་མཁན་ཡོང་གི་མེད་པ་རེད་འདུག
- 2024-07-04
-
-
-
རྒྱ་ནག་གཞུང་གིས་རྒྱ་གར་དང་བོད་ཀྱི་ས་མཚམས་གཞིས་ཀ་རྩེ་ཁུལ་དུ་བོད་མི་ཚོར་རྒྱ་ནག་གི་དམག་དཔུང་ནང་འཛུལ་ཞུགས་བྱ་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་ཀྱང་བོད་མི་རེ་ཟུང་ལས་འཛུལ་ཞུགས་བྱེད་མཁན་བྱུང་མེད་པ། ཉེ་ལམ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་གནད་ཡོད་མི་སྣ་ཞིག་གིས་ངོ་སྤྲོད་གནང་བྱུང་ལ། ས་མཚམས་ཁུལ་དུ་ཡོད་པའི་བོད་མི་རྣམས་དང་ས་མཚམས་སྲུང་སྐྱོབ་དམག་མིའི་བར་ལོ་རེར་ཐེངས་རེ་གཉིས་ཙམ་འབྲེལ་བ་བྱས་ནས་མཐའ་སྲུང་དམག་མི་དེ་དག་གིས་བོད་མི་རྣམས་ལ་དམག་དོན་གྱི་སློབ་སྦྱོང་དང་རོགས་རམ་འདྲ་མིན་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་ས་མཚམས་ཁག་དུ་ཡོད་པའི་བོད་ཕྲུག་སློབ་གྲྭ་ཆེན་མོར་ཡིག་རྒྱུགས་མ་འཕྲོད་པའི་ན་གཞོན་ཚོ་རྒྱ་ནག་གི་དམག་དཔུང་ནང་ལ་འཛུལ་དགོས་པ་རྒྱ་ནག་གཞུང་གིས་གནོན་ཤུགས་དང་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་མ་ཟད། དམག་མིའི་འཚོ་བའི་གནས་སྟངས་དང་ཐོབ་ཐང་སོགས་གང་ལེགས་ཡོད་པ་རྒྱ་ནག་གཞུང་གིས་ས་གནས་ཀྱི་ལས་བྱེད་པ་ཚོས་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གི་དམག་མིའི་ནང་འཛུལ་ཞུགས་བྱེད་མཁན་ཧ་ཅང་གི་ཉུང་ཉུང་ཡིན་པ་དང་། འདི་ལོ་གཞིས་ཀ་རྩེའི་ཤིང་ལུང་མ་ཁུལ་གྱི་ཁྱིམ་ཚང་༣༠ལྷག་ཙམ་ནང་ད་ལོ་དམག་མིར་ཞུགས་མཁན་མི་གསུམ་མ་གཏོགས་བྱུང་མེད་པའི་སྐོར་ངོ་སྤྲོད་གནང་བྱུང་། རྒྱུ་མཚན་ནི་ས་མཚམས་ཀྱི་བོད་མི་ཚོ་རྒྱ་ནག་གི་དམག་ནང་ཞུགས་རྒྱུ་དེ་ཙམ་འདོད་པ་མེད་པ་རེད་འདུག
ད་དུང་ས་མཚམས་ཁུལ་དུ་ཡོད་པའི་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭ་ཁག་ནང་བོད་ཕྲུག་སློབ་འཇུག་བྱེད་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་ལ་མུ་མཐུད་ངོ་སྤྲོད་གནང་བྱུང་།
གཞིས་ཀ་རྩེ་ཤིང་ལུང་མ་ཞེས་པའི་གྲོང་ཚོ་དེ་བོད་དང་རྒྱ་གར་གྱི་ས་མཚམས་ས་ཁུལ་ཞིག་ཡིན་པ་དང་། དེའི་ཁུལ་དུ་གནས་སྡོད་བྱེད་མཁན་འབྲེལ་ཡོད་བོད་མི་ལས་བྱེད་པ་ཞིག་གིས། རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭ་ཁག་ནང་བོད་ཕྲུག་རྣམས་གཏོང་དགོས་པའི་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པ་དང་། བོད་ཕྲུག་སློབ་མ་དེ་དག་ལ་བདུན་རེ་བོད་ཡིག་ཚར་གཅིག་ལས་བསླབ་ཀྱི་མེད་ཅིང་། དགེ་རྒན་དང་སློབ་མ་ཡོངས་སུ་རྫོགས་པ་བཅའ་སྡོད་སློག་གྲྭ་རང་ནང་བདུན་ཕྲག་གཅིག་རིང་སྡོད་དགོས་ཀྱི་ཡོད་པ་དེ་དཀའ་ལས་ཁག་པོ་ཞིག་ཡིན་འདུག ད་དུང་ས་གནས་དེའི་ཁུལ་གྱི་ཁྱིམ་ཚང་༣༠ལྷག་ཙམ་ཡོད་པ་དེ་དག་ལ་མཉམ་ལས་རེ་བཙུགས་ནས་སོ་སོའི་ར་ལུག་སེམས་ཅན་རྣམས་ག་ཚོད་ཡོད་མེད་ཐོ་རྒྱབ་པ་དང་རྟགས་རྒྱབ་ནས་མཉམ་ལས་དེའི་ནང་ལ་བཞག་ཏེ་ལོ་མཇུག་ལ་ཁེ་སང་ཆ་བགོས་བྱེད་ཀྱི་ཡོད་པའི་སྐོར་བརྗོད་འདུག
གསར་འགོད་པ། བློ་བཟང་ཆོས་འཕེལ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།