༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་སྐོར་གསུང་བཤད།

༧གོང་ས་མཆོག་གིས་ཕྱི་ཟླ་བདུན་པའི་ཚེས་༩ཉིན་འཛམ་གླིང་ཞི་བདེའི་སྐོར་དམངས་ཁྲོད་དུ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ།

2011.07.01

༄༅༎ཕྱི་ཟླ་བདུན་པའི་ཚེས་༩ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་གྱི་གྲོས་ཚོགས་ཀྱི་མདུན་ཐང་དུ་འཛམ་གླིང་ཞི་བདེའི་སྐོར་དམངས་ཁྲོད་དུ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་བཞིན་ འཛམ་གླིང་ཞི་བདེའི་སྐོར་གསུང་བཤད་ཀྱི་མཛད་རིམ་ ཨ་རིའི་སྙན་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་དང་ བརྙན་འཕྲིན་ལེ་ཚན་གཙོ་སྐྱོང་གནང་མཁན་ལྕམ་ལྦུ་པི་གོལ་དྲི་སྦག་ཡིས་ངོ་སྤྲོད་གནང་རྒྱུ་ཡིན་འདུག མཛད་རིམ་དེའི་ཐོག་དེ་མིན་ཨ་རིའི་སྙན་གྲགས་ཅན་གྱི་གཞས་སྣ་འཁྲབ་སྟོན་བ་མང་པོ་ཞིག་མཉམ་བཞུགས་གནང་རྒྱུ་ཡིན་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བདུན་པའི་ཚེས་༥ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཏེ་ ཕྱི་ཚེས་༦ནས་ཕྱི་ཚེས་༡༦བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༡པ་དེ་སྩལ་གནང་མཛད་རྒྱུ་ཡིན་ཞིང་ དེ་ཉིན་ཐོག་མར་༧གོང་ས་མཆོག་གིས་བཀའ་ཆོས་མདོར་བསྡུས་ཤིག་སྩལ་རྒྱུ་དང་ དེ་རྗེས་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༧༦ཕེབས་པའི་དགའ་སྟོན་རྟེན་འབྲེལ་གྱི་གྱི་སྐུའི་འཁྲུངས་སྐར་མཛད་སྒོར་དབུ་ཞུགས་མཛད་རྒྱུ་ཡིན་འདུག ཕྱི་ཚེས་༦ནས་༨བར་༧གོང་ས་༧སྐྱབས་མགོན་ཆེན་མཆོག་དབུ་བཞུགས་ཐོག་རྣམ་རྒྱལ་གྲ་ཚང་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་རྣམས་ཀྱིས་ས་ཆོག་དང་སྔོན་འགྲོའི་ཆོ་ག་ རྡུལ་མཚོན་དཀྱིལ་འཁོར་བཞེངས་གནང་མཛད་རྒྱུ་ཡིན་ཞིང་ ཕྱི་ཚེས་༩ནས་༡༡བར་༧གོང་ས་མཆོག་གིས་སྔོན་འགྲོའི་བཀའ་ཆོས་སུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་ སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་བཅས་ཀྱི་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་ཡིན་འདུག ཕྱི་ཚེས་༩ཉིན་གྱི་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་པ་བཀའ་སློབ་སྩལ་གནང་རྒྱུ་དང་ཕྱི་ཚེས་༡༢ཉིན་རྣམ་གྲ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་རྣམས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་གར་ཆམ་གྱི་ཆོ་ག་གནང་རྒྱུ་དང་ཕྱི་ཚེས་༡༣ནས་༡༥བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་གྱི་དབང་དངོས་གཞི་དེ་སྩལ་གནང་མཛད་རྒྱུ་དང་ཕྱི་ཚེས་༡༦ཉིན་ཚེ་དབང་སྩལ་གནང་མཛད་རྗེས་  ༧གོང་ས་མཆོག་ལ་བརྟན་བཞུགས་སྟར་འབུལ་ཞུ་རྒྱུ་ཡིན་འདུག 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎