༸གོང་ས་མཆོག་ནས་སྦི་རིསསྦེན་ནང་མང་ཚོགས་ལ་བཀའ་སློབ།
2011.06.18
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༦ ཚེས་ ༡༧ ཨའོསི་ཊརེ་ལི་ཡའི་གྲོང་ཁྱེར་སྦི་རིསསྦེན་དུ་ཚན་རིག་པ་ཁག་གཅིག་དང་ལྷན་དུ་བདེ་སྐྱིད་དང་དེའི་རྒྱུ་ཅེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་གི་ཚོགས་འདུའི་དབུ་མགོན་དུ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཆིབས་བསྒྱུར་བསྐྱང་གནང་མཛད་ཡོད་པ་དང༌། ཚོགས་འདུའི་ཐོག་ཨ་མི་རི་ཀའི་སེམས་ཁམས་ཚན་རིག་པ་གྲགས་ཅན་མཁས་དབང་པོའོལ་ཨེཀ་མེན་དང༌། ཀ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་མའར་ཁོ་ལ་ཁོ་སྦོ་ནི་ དེ་བཞིན་ཨའོསི་ཊརེ་ལི་ཡའི་ཕུལ་བྱུང་མི་སེར་གྱི་བྱ་དགའ་བཞེས་པ་པོ་སེམས་ཁམས་འཕྲོད་བསྟེན་ཡར་རྒྱས་དགོས་པར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གཙུག་ལག་སློབ་དཔོན་པེཏ་མེཀ་གོ་རི་བཅས་ཀྱང་མཉམ་ཞུགས་གནང་ཞིང༌། ཚན་རིག་པ་དེ་དག་གིས་སེམས་ཁམས་འཕྲོད་བསྟེན་གྱི་ཐོག་རྟགས་དཔྱད་ཞིབ་འཇུག་བྱས་པའི་གྲུབ་ཐོ་སྙན་སྒྲོན་གནང་ཡོད་འདུག།
དེ་ནས་ཉིན་གུང་གྲོང་ཁྱེར་ སྦི་རིསསྦེན་དུ་ཡོད་པའི་ཚོང་དོན་སྒྲིག་འཛུགས་ཀྱི་སྐུ་ཚབ་འཐུས་མི་ཁག་གཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉིན་གུང་ལྗགས་སྨིན་འདེགས་འབུལ་ཞུས་པ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོང་པ་ཚོས་རང་འབྱུང་ཁོར་ཡུག་སྲུང་སྐྱོབ་བྱ་གལ་ཆེ་བ་དང༌། སྤྱི་ཚོགས་བདེ་དོན་ལ་དམིགས་སྟེ་འགོ་འཁྲིད་བྱེད་ཐུབ་པའི་རིན་ཐང་དང་ལྡན་དགོས་གལ་ཆེ་བ་སོགས་ཀྱི་བཀའ་སློབ་སྩལ་གནང་མཛད་འདུག།
ཉིན་གུང་ལྗགས་སྨིན་གྲུབ་མཚམས་ ཨའིསི་ཊརེ་ལི་ཡའི་གྲོང་ཁྱེར་སྦི་རིསསྦེན་དང་ ཁུཨིན་སི་ལེནདྲ་གྱི་ནུབ་ཕྱོགས་སུ་ཆགས་པའི་ལོཀ་ཀར་ལྦེ་ལི་ཞེས་པར་སྔ་ལོ་ཆུ་ལོག་དང་ས་རུད་ཀྱིས་རྐྱེན་པས་གོད་ཆགས་ཚབས་ཆེ་ཕོགས་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་ཕོགས་སའི་ ས་ཁུལ་དེའི་ཡུལ་མི་རྒན་གྲས་ ༢༢ དང་བྱིས་པ་དྭ་ཕྲུག་བཅས་ལ་མཇལ་ཁ་དང་སེམས་གསོ་སྩལ་གནང་མཛད་ཡོད་པ་རེད།
དེ་ནས་ཉིན་རྒྱབ་སྦི་རིསསྦེན་གྱི་སྦོ་ཊཱ་ནིཀ་ལྡུམ་རྭ་སྟེ་སྤྱི་གླིང་དུ་ཆིབས་བསྒྱུར་གྱིས་མང་ཚོགས་ ༩༠༠༠ བརྒལ་བར་མི་ཚེའི་ནང་བདེ་སྐྱིད་འཚོལ་ཐབས་དང་སྡུག་བསྔལ་སེལ་ཐབས་ཅེས་པའི་བརྗོད་གཞིའི་ཐོག་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་ཅིང༌། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མི་ཚེའི་ནང་རྐྱེན་ངན་གང་འདྲ་ཞིག་འཕྲད་ཀྱང་རང་ཉིད་ཁེར་རྐྱང་དུ་ལུས་པ་སོགས་ཞུམ་པའི་བློ་མི་སྐྱེ་བ་་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་སྩལ་ཡོད་པ་རེད།
མང་ཚོགས་ཀྱི་ཁོངས་སུ་སྔ་ལོ་ཆུ་ལོག་དང་ས་རུད་ཀྱིས་གོད་ཆགས་ཕོགས་སྟེ་ ད་བར་ཀླད་པའི་བཤག་བཅོས་ཐེངས་དགུ་ཙམ་བྱས་ཟིན་སྟེ་ ད་ཆ་རང་ཉིད་ཁེར་རྐྱང་དུ་ལུས་པའི་ཚོར་བ་དྲག་པོ་བྱུང་བཞིན་པ་སོགས་ཞུ་སྐབས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བེུད་དེ་ལྡིང་ཆའི་སྟེང་ཆེད་སྒུག་གནང་སྟེ་་ད་ནས་བཟུང་བསམ་བློ་དེ་རིགས་མི་འཁོར་བ་བྱེད་དགོས་པ་དང་ དེ་འདྲའི་ཚོར་བ་ཤུགས་ཆེ་འབྱུང་སྐབས་ཐད་ཀར་སྐེུར་ཡིག་ཚང་བརྒྱུད་ངོས་ལ་ཐད་ཀར་འབྲེལ་བ་བྱེད་དགོས་སྐོར་བཀའ་གནང་པ་སོགས་སེམས་གསོ་མཛད་ཅིང༌། བེུད་དེས་རྗེས་སུ་གསར་འགོད་པ་ཚོར། ༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་རྒྱུ་བྱུང་བ་དེ་ནི་ངའི་མི་ཚེའི་ནང་གི་བརྗེད་ཐབས་མེད་པའི་མྱོང་ཚོར་ཞིག་བྱུང་བ་དང༌། འདི་ནི་རིན་ཆེན་གསེར་གྱི་རྒྱན་ཤོག་ཐོབ་པ་ལས་ལྷག་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་འདུག།