བཙན་བྱོལ་བོད་གཞུང་གི་རྒྱ་ཡིག་དྲ་རྒྱ་ལེགས་བཅོས།
2010.09.01
༄༅༎བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་དུ་སྔར་ཡོད་རྒྱ་ཡིག་དྲ་རྒྱ་དེ་བཞིན་ལེགས་བཅོས་བྱས་ཏེ་དབུ་འབྱེད་གནང་རྒྱུ་ཡིན་པའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་གི་བོད་ཡིག་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག
རྒྱ་ཡིག་གི་དྲ་རྒྱ་ལེགས་བཅོས་བྱས་པ་དེའི་ནང་ཚན་ལ་ལེ་ཚན་ཁག་འགའ་ཤས་ཤིག་ཡོད་པའི་ཁོངས་སུ་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེ་དང་ཤེས་རབ་ཀྱི་སྐོར་དང༌། དེ་བཞིན་༧གོང་ས་མཆོག་གི་མཛད་རྣམ་སྙིང་བསྡུས། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ཁག་གི་སྐོར་། བོད་དང་འཛམ་གླིང་སྤྱིའི་གསར་འགྱུར། པར་རིགས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སོགས་རྒྱ་ཡིག་ནང་བལྟ་ཀློག་ཐུབ་པའི་ཆ་རྐྱེན་སྐྲུན་གནང་ཡོད་པ་རེད།
དྲ་རྒྱ་གསར་དུ་ལེགས་བཅོས་གནང་མཁན་ནི་བཙན་བྱོལ་བོད་གཞུང་གིས་ཕྱི་དྲེལ་ལས་ཁང་གི་རྒྱ་ཡིག་སྡེ་ཚན་དང་ཀམ་པུ་ཀྲར་སྡེ་ཚན་གྱི་ཆེད་ལས་མི་སྣ་ཚོ་མཉམ་རུབ་ཀྱིས་སྔར་ཡོད་ཀྱི་རྒྱ་ཡིག་དྲ་རྒྱ་དང་དེའི་བཟོ་བཀོད་སོགས་ལ་ལེགས་བཅོས་གནང་བ་ཞིག་ཡིན་པ་དང༌། དྲ་རྒྱ་དེ་ཕྱི་ཟླ་དགུ་པའི་ཚེས་༢བོད་རྒྱལ་ཡོངས་དམངས་གཙོའི་དུས་ཆེན་ཉིན་དང་སྟབས་བསྟུན་དབུ་འབྱེད་གནང་རྒྱུའི་འཆར་གཞི་ཡོད་པ་རེད།