བོད་རང་སྐྱོང་ལྗོངས་བདེ་འཇགས་ལྷན་ཁང་གི་ཚོགས་འདུའི་སྟེང་ཏཱ་ལའི་ཁ་བྲལ་ལ་འཐབ་རྩོད་དགོས་སྐོར་བརྗོད་འདུག

2024.01.31
བོད་རང་སྐྱོང་ལྗོངས་བདེ་འཇགས་ལྷན་ཁང་གི་ཚོགས་འདུའི་སྟེང་ཏཱ་ལའི་ཁ་བྲལ་ལ་འཐབ་རྩོད་དགོས་སྐོར་བརྗོད་འདུག བོད་རང་སྐྱོང་ལྗོངས་བདེ་འཇགས་ལྷན་ཁང་གིས་སྤྱི་བདེ་ཉེན་རྟོག་པ་ཚོར་བདེ་སྲུང་ཆེད་ཚོགས་འདུ་སྐོང་བཞིན་པ།
China State Media

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ཉིན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་བདེ་འཇགས་ལྷན་ཁང་ཟེར་བས། སྤྱི་བདེ་ཉེན་རྟོག་པ་ཚོར་བདེ་སྲུང་ཆེད་ཚོགས་འདུ་ཞིག་སྐོང་ཚོགས་དང་འབྲེལ། ཏཱ་ལའི་ཁ་བྲལ་ཕྱོགས་ཁག་ལ་འཐབ་རྩོད་དང་ཁ་བྲལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་གིས། བོད་ནང་དུས་བདེ་ཞི་འཇགས་ལས་འགན་དང་པོར་བརྩི་དགོས་སྐོར་བརྗོད་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་ངོ་རྒོལ་དང་བཙན་བྱོལ་བོད་མི་ཚོར་འཐབ་རྩོད་ཟེར་བའི་རིགས་ནི། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོའི་ལས་ཀ་བྱེད་ཕྱོགས་ལ་ངོས་ལེན་བྱེད་ཀྱི་མེད་སྟབས། བོད་མི་ཚོར་བཙན་གནོན་དང་ཁོ་རང་ཚོའི་ཁ་ལ་ཉན་ཐབས་ཆེད་༸གོང་ས་མཆོག་ཁ་བྲལ་བ་ཡིན་སྐོར་གྱི་སྐྱག་རྫུན་བརྒྱ་བཤད་ནས་བདེན་པ་སྤུ་ཙམ་ཐོབ་རྒྱུའི་རེ་བ་བྱེད་བཞིན་པ་ཞིག་ཡིན་སྐོར་བརྗོད་བྱུང་།

བོད་རང་སྐྱོང་ལྗོངས་བདེ་འཇགས་ལྷན་ཁང་ཟེར་བའི་དྲ་རྒྱའི་སྟེང་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། ཚོགས་འདུའི་ནང་དོན་གཙོ་བོ་ནི་ཞི་ཅིན་ཕིན་སྲོག་ཤིང་དུ་བཞག་ནས་དམར་ཤོག་ཚོགས་པའི་བཀོད་ཁྱབ་བཞིན། བོད་ནང་བདེ་འཇགས་དང་བརྟན་ལྷིང་ཆེད་ཉེན་རྟོག་ཕྱོགས་ནས་དུས་དང་རྣམ་པ་ཀུན་ཏུ་ཉེན་བརྡ་གཏོང་བ་དང་དོགས་ཟོན་རྒྱུན་འཁྱོངས་དང་། དགྲར་འཛིན་སྟོབས་ཤུགས་དང་ཏཱ་ལའི་ཚོགས་ཁག་གི་སིམ་འཛུལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པ། གཏོར་བཤིག་གི་བྱེད་སྒོ་ཁག་ལ་ཧུར་བརྩོན་ཆེན་པོས་བྱེད་ཐབས་སྣ་ཚོགས་ལག་བསྟར་དགོས་པ་སོགས་བརྗོད་འདུག་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ནས། རྒྱ་ནག་གཞུང་གིས་༸གོང་མཆོག་ཁ་བྲལ་བ་ཡིན་སྐོར་བརྗོད་ནས།བོད་ནང་བདེ་འཇགས་དང་བརྟན་ལྷིང་བཤད་བཞིན་པ་དེ་བོད་མི་ཚོར་མུ་མཐུད་དམ་དྲགས་དང་འཛིན་བཟུང་གི་སྲིད་བྱུས་ལག་བསྟར་བྱེད་ཐབས་ཤིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།

ཚོགས་འདུ་དེའི་སྟེང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་གཞོན་པ་དང་བདེ་འཇགས་ལྷན་ཁང་གི་མགོ་གཙོ་ཀྲང་ཧུང་པོ(Zhang Hongbo)ཟེར་བས། ཞི་ཅིན་ཕིན་གྱི་བསམ་བློ་དང་དགོངས་པར་སློབ་སྦྱོང་གིས་ཉེན་རྟོག་ཕྱོགས་ཀྱིས་སྲིད་གཞུང་གི་འགོ་ཁྲིད་ཚོའི་བཀོད་ཁྱབ་དང་མཛུབ་སྟོན་ཟུང་འབྲེལ་བྱས་ཏེ་ཆད་ལུས་མེད་པར། བདེ་སྲུང་ཆེད་ལག་བསྟར་དོན་འཁྱོལ་དང་། དུས་རབས་གསར་པར་བོད་རང་སྐྱོང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པ་དང་། ཉེན་རྟོག་དཔུང་སྡེས་བདེ་འཇགས་དང་བརྟན་ལྷིང་ཆེད་ཕྱོགས་ཡོང་ནས་བྱས་རྗེས་འཇོག་དགོས་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༢༠༢༤ ལོའི་ལོ་མགོ་ཚུགས་པ་དང་འབྲེལ་རྒྱ་ནག་གཞུང་གིས་བོད་ནང་རྣམ་པ་ཅི་རིགས་ཀྱི་སྒོ་ནས་དམ་དྲགས་མུ་མཐུད་དང་། བོད་མི་ཚོའི་དམར་ཤོག་ཚོགས་པའི་ཁ་ལ་ཉན་ཐབས་ཀྱི་ཐབས་ལམ་སྣ་ཚོགས་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༡ ཚེས་ ༢༢ ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་དམར་ཤོག་ལས་བྱེད་ཚོས།ས་ཁུལ་དེའི་དགོན་སྡེ་ ༣༥ ཙམ་གྱི་ནང་ཆེད་སྐྱོད་ཀྱིས་ལོ་གསར་འཚམས་འདྲི་དང་འབྲེལ་གྲྭ་བཙུན་ཚོར་རྒྱ་ནག་གཞུང་གི་ཆབ་སྲིད་སློབ་གསོ་དྲིལ་བསྒྲགས་དང་འབྲེལ། མུ་མཐུད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཁ་བྲལ་བའི་བྱ་སྤྱོད་ཐེར་བཏོན་བྱེད་དགོས་སྐོར་སྐུལ་མ་བྱས་ཡོད་པ་དང་། གཞན་ཡང་ཕྱི་ཚེས་ ༢༩ ཉིན་བོད་རང་སྐྱོང་ལྗོངས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུ་ཟེར་བའི་སྟེང་། དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་གིས་བོད་ནང་བསམ་བློ་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེར་སྤེལ་ནས། བོད་མི་ཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་དམར་ཤོག་ཚོགས་པ་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་བརྟན་ལྷིང་ཡོང་དགོས་སྐོར་བརྗོད་ཡོད་པ་རེད། 

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།    
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎