ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་སླེབས་ལ་ཉེ་བ་དང་རྒྱ་ནག་དང་འབྲེལ་བའི་གནད་དོན་གླེང་སློང་གཙོ་བོ་གནང་བཞིན་འདུག
ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་སླེབས་ལ་ཉེ་བའི་སྐབས་འདིར་འོས་བསྡུའི་དྲིལ་བསྒྲགས་སྐབས་སྲིད་འཛིན་གྱི་འོས་མི་རེ་བ་ཆེ་ཤོས་གཉིས་བར་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བའི་གནད་དོན་ཐད་ཕྱོགས་གཉིས་བར་རྩོད་རྙོག་གཡོལ་ཐབས་སུ་གླེང་སློང་གཙོ་བོ་གནང་བཞིན་འདུག
- 2024-01-02
-
-
-
Your browser doesn’t support HTML5 audio
དེ་ཡང་ཐེ་པེ་ནས་རོའུ་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རིང་མིན་ཕྱི་ཟླ་༡པོའི་ཚེས་༡༣ཉིན་ཐེ་ཝེན་གྱི་སྲིད་འཛིན་དང་གྲོས་ཚོགས་ཀྱི་རྒྱལ་ཡོངས་འོས་བསྡུ་གནང་གཏན་འཁེལ་ཡོད་པ་དང་། ཐེངས་འདིའི་རྒྱལ་ཡོངས་འོས་བསྡུ་དང་འབྲེལ་རྒྱ་ནག་གཞུང་གིས་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བཤད་ནས་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པ་རེད། དེར་བརྟེན་སྲིད་འཛིན་གྱི་འོས་མི་རེ་བ་ཆེ་ཤོས་གཉིས་བར་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བའི་གནད་དོན་ཐད་ཕྱོགས་གཉིས་བར་རྩོད་རྙོག་གཡོལ་ཐབས་སུ་བགྲོ་གླེང་གཙོ་བོ་བྱེད་བཞིན་པ་དང་། གནད་དོན་དབྱེ་ཞིབ་པ་ཁ་ཤས་ཀྱིས་སྲིད་འཛིན་ཀྱི་འོས་མི་གཙོ་བོ་གཉིས་ནས་སུ་ལ་རྒྱལ་ཁ་ཐོབ་མིན་ད་ལྟ་ཞུ་རྒྱུ་ཁག་པོ་ཡིན་པ་བརྗོད་བཞིན་འདུག
སྐབས་འདིར་རྒྱ་ནག་གི་དམག་མིའི་གནམ་གྲུ་ཐེ་ཝན་གྱི་མཁའ་དབྱིངས་སུ་འཆར་ཅན་འཕུར་བསྐྱོད་བྱ་མུས་ཐོག ཐེ་ཝན་གྱིས་དྲང་བདེན་མིན་པའི་ཐོག་ནས་ཚོང་ལས་གཉེར་ཀྱི་ཡོད་པ་དང་། སྒོ་ཁྲལ་ཀྱི་ཐོ་གཞུང་ཁག་ཅིག་བཅད་པ་སོགས་ཀྱི་སྐྱོན་བརྗོད་བྱས་འདུག
ཐེ་ཝན་གྱི་ཕྱོགས་འགལ་གོ་མིན་ཏང་ཚོགས་པའི་སྲིད་འཛིན་གྱི་འོས་མིས་རྒྱ་ནག་གིས་བཤད་བཞིན་པའི་རྒྱལ་ཡོངས་འོས་བསྡུ་འདི་ནི་དམག་དང་ཞི་བདེ་གཉིས་ནས་གཅིག་འདེམས་རྒྱུའི་འོས་བསྡུ་ཞིག་ཡིན་པ་དེ་ཁ་ལ་འཁྱེར་ནས་འོས་བསྡུའི་དྲིལ་བསྒྲགས་བྱེད་བཞིན་ཡིན་པ་དང་། མང་གཙོ་ཚོགས་པས་ཐེ་ཝན་གྱི་ཞི་བདེ་ལ་ཉེན་ཁ་བཟོ་བཞིན་འདུག་ཅེས་གོ་མིན་ཏང་ཚོགས་པས་བཤད་བཞིན་པ་དེར་གཞུང་འཛིན་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མིས་སྐྱོན་བརྗོད་བྱས་འདུག
རེས་གཟའ་ཟླ་བའི་ཉིན་མང་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་(Hsiao Bi-khim)་ལགས་ཀྱིས་རྒྱལ་ཡོངས་བརྙན་འཕྲིན་ཐོག གོ་མིན་ཏང་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མིར། ངས་ཁྱེད་ལ་ཞུ་རྒྱུར། ཐེ་ཝན་གྱི་ཞི་བདེར་ཉེན་ཁ་བཟོ་མཁན་ནི་རྒྱ་ནག་ཡིན་པ་ལས་ཐེ་ཝན་མང་གཙོ་ཚོགས་པ་མིན་པ་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ཤེས་ཀྱི་ཡོད་པ་རེད་ཅེས་གཏམ་བཤད་སྤེལ་འདུག
ཐེ་ཝེན་གྱི་སྲིད་འཛིན་ལས་ཐོག་(Tsai Ing-wen)་ལགས་དང་སྲིད་འཛིན་གཞོན་པ་(Lai)་ ལགས་གཉིས་ཀྱིས་རྒྱ་ནག་ལ་ཞི་བའི་གྲོས་མོལ་བྱ་འདོད་ཡོད་སྐོར་བསྐྱར་བཤད་ཡང་བཤད་གནང་ཡང་རྒྱ་ནག་གིས་ཐེ་ཝན་མང་གཙོ་ཚོགས་པ་ནི་ཁ་བྲལ་རིང་ལུགས་པ་ཞིག་ལ་ངོས་འཛིན་བྱས་ནས་ཞི་བའི་གྲོས་མོལ་བྱ་རྒྱུར་ངོས་ལེན་བྱེད་ཀྱི་མེད་ལུགས་གནས་ཚུལ་སྤེལ་འདུག
ཐེ་ཝན་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་ལས་ཐོག་ཚའེ་ཨིན་ཝིན་(Tsai Ing-wen)་ལགས། སྲིད་འཛིན་ལས་ཡུན་ཐེངས་གསུམ་པ་གནང་རྒྱུའི་ཁྲིམས་སྒྲིག་གི་ཆོག་མཆན་མེད་པར་བརྟེན། སྲིད་འཛིན་གཞོན་པ་ལས་ཐོག་ལེཡེ་ཆིན་ཐུ་(Lai Ching-te)་ལགས་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་དང་། ཕྱོགས་འགལ་གོ་མིན་ཏང་ཚོགས་པའི་སྲིད་འཛིན་འོས་མི་ལ་ཧུ་ཡུ་འེ་ལགས་སོགས་ཀྱི་བར་ཐེ་ཝན་གྱི་འོས་བསྡུའི་དྲིལ་བསྒྲགས་འགྲན་བསྡུར་ཤུགས་ཆེར་འགྲོ་བཞིན་པའི་སྐབས་འདིར། ཐེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གཞུང་གིས་ཐེ་ཇུས་བྱས་ཏེ། རྒྱ་ནག་གི་ཕྱོགས་གཏོགས་དང་ཐེ་ཝན་དང་རྒྱ་ནག་གཅིག་གྱུར་གྱི་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན། ཐེ་ཝན་གྱི་ཕྱོགས་འགལ་གོ་མིན་ཏང་ཚོགས་པ་ལ་འོས་བསྡུའི་རྒྱལ་ཁ་འཐོབ་ཐབས་སུ་འབད་བརྩོན་བྱེད་བཞིན་པ། ཐེ་ཝན་ནང་གནས་སྡོད་རྒྱ་གར་གྱི་རྒྱ་ནག་ཉམས་ཞིབ་པ་(Aadil Brar)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།