རྒྱ་ནག་གི་དམག་མིས་ཐེ་ཝན་མཚོ་ཁའི་ཉེ་འགྲམ་དུ་དྲག་པོའི་དམག་སྦྱོང་བྱས་འདུག

རྒྱ་ནག་གི་དམག་མིས་ཐེ་ཝན་མཚོ་ཁའི་ཉེ་འགྲམ་དུ་དྲག་པོའི་དམག་སྦྱོང་བྱས་ནས་དེ་ནི་ཕྱིའི་རྒྱལ་ཁབ་ཚོས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་པར་ལན་འདེབས་ཡིན་ལུགས་བརྗོད་འདུག

རྒྱ་ནག་གི་དམག་མིས་ཐེ་ཝན་མཚོ་ཁའི་ཉེ་འགྲམ་དུ་དྲག་པོའི་དམག་སྦྱོང་བྱས་འདུག Reuters

རྒྱ་ནག་གི་དམག་མིས་ཐེ་ཝན་མཚོ་ཁའི་ཉེ་འགྲམ་དུ་དྲག་པོའི་དམག་སྦྱོང་བྱས་ནས་དེ་ནི་ཕྱིའི་རྒྱལ་ཁབ་ཚོས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་པར་ལན་འདེབས་ཡིན་ལུགས་བརྗོད་འདུག
འདི་ཚེས་༡༧་ཉིན་རྒྱ་ནག་གི་དམག་མིས་ཐེ་ཝན་མཚོ་ཁའི་ཉེ་འགྲམ་གྱི་མཚོ་ཐོག་དུ་དྲག་པོའི་དམག་སྦྱོང་བྱས་ཡོད་པ་དང་། དེ་ནི་ཕྱིའི་རྒྱལ་ཁབ་ཚོས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་པར་ལན་འདེབས་ཡིན་ལུགས་རྒྱ་ནག་དྲག་ཆས་དམག་དཔུང་གིས་བརྗོད་འདུག
རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དཔུང་གི་ཤར་ཕྱོགས་དཔུང་སྡེའི་དམག་དོན་བསྐོད་སྡོམ་ཁང་གི་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། དམག་གི་གྲུ་གཟིངས་དང་། མཚོ་འོག་དམག་གི་གྲུ་གཟིངས་ལ་ཁ་གཏད་ཀྱི་དམག་གྲུ་དང་དམག་གི་གནམ་གྲུ་སོགས་ཐེ་ཝན་མཚོ་ཁུལ་དུ་བཏང་ནས་དམག་དོན་སྦྱོང་བརྡར་དེའི་ནང་མཉམ་བཞུགས་བྱེད་ཀྱི་ཡོད་ལུགས་བཀོད་པ་ལས་དེ་མིན་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་གསལ་པོ་མི་འདུག
རྒྱ་ནག་གི་བཅིངས་གྲོལ་དམག་ཟེར་བས་ད་རེས་ཀྱི་དམག་དོན་སྦྱོང་བརྡར་དང་འབྲེལ་བའི་ཐད་སྤེལ་བའི་གསལ་བསྒྲགས་ནང་། ཉེ་བའི་ཆར་ཨ་རི་དང་ཐེ་ཝན་བར་ཕན་ཚུན་ངན་པ་ལག་འབྲེལ་བྱས་ནས་ཕྱི་ཕྱོགས་སུ་ནོར་འཁྲུལ་གྱི་བརྡ་གཏོང་གི་ཡོད་པ་དེས་རྒྱ་ནག་གི་བདག་དབང་དང་གཅིག་གྱུར་ལ་བརྩི་མེད་བཏང་བ་ཞིག་ཡིན་པ་མ་ཟད། ཐེ་ཝན་མཚོ་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་ཚབས་ཆེའི་ཉེན་ཚབས་བཟོས་པ་ཞིག་ཡིན་ལུགས་བཀོད་ཡོད་པ་རེད།
དེའི་ཐད་ཐེ་ཝན་རྒྱལ་སྲུང་ལྷན་ཁང་གིས་ལན་འདེབས་ཐུང་ངུ་ཞིག་བྱས་ཡོད་པའི་ནང་། ཐེ་ཝན་དམག་དཔུང་གིས་ཐེ་ཝན་མཚོ་ཁུལ་གྱི་གནས་སྟངས་དང་། དེ་བཞིན་མཚོ་ཐོག་དང་མཁའ་དབྱིངས་ཀྱི་འབྲེལ་ཡོད་འཕེལ་རྒྱས་ཐད་དཔྱད་ཞིབ་དང་གདེང་ཚོད་ཡོད་པ་མ་ཟད། དེ་ཚོའི་ཐད་ལན་འདེབས་ཀྱི་གྲ་སྒྲིག་ཡང་ཆ་ཚང་ཡོད་ལུགས་བརྗོད་ཡོད་འདུག ཐེ་ཝན་གྱི་བདེ་འཇགས་གནད་དོན་ཐད་རྒྱུས་མངའ་ཡོད་མཁན་གྱི་དཔོན་རིགས་མཐོ་གྲས་ཤིག་གིས། རྒྱ་ནག་གི་མཁའ་ཐོག་དམག་དཔུང་གིས་(J-16)་རྟགས་ཅན་གྱི་དེང་རབས་ཅན་གྱི་དམག་གི་གནམ་གྲུ་བེད་སྤྱད་ནས་ཐེ་ཝན་མཚོ་ཁུལ་མཁའ་དབྱིངས་ཀྱི་དབང་ཚད་ཐོབ་ཐབས་བྱེད་ཀྱི་ཡོད་པ་རོཡེ་ཊར་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་གནང་ཡོད་པའི་ཁར། ད་དུང་ཁོང་གིས་རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་ཁུལ་དུ་དམག་དོན་གྱི་སྟངས་འཛིན་ཐུབ་ཐབས་བྱེད་བཞིན་པ་ཕུད་། རྒྱུན་དུ་ནས་གློག་ལས་ཀྱི་ལྟ་ཞིབ་དང་གློག་ཆས་ཀྱི་འགོག་རྐྱེན་བཟོ་ཐབས་བྱེད་ཀྱི་ཡོད་པའི་སྐོར་གསུངས་འདུག
འདས་པའི་ལོ་ངོ་གཉིས་ཙམ་ནང་། རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དཔུང་ཟེར་བས་ཐེ་ཝན་མཚོ་ཁུལ་དུ་དམག་དོན་སྦྱོང་བརྡར་ཐེངས་མང་བྱས་ནས་ཐེ་ཝན་ཕྱོགས་ནས་རྒྱ་ནག་གཅིག་ཟེར་བ་ཁས་ལེན་བྱ་རྒྱུར་དྲག་པོའི་འཇིགས་སྐུལ་གྱི་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད།

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org