རྒྱ་ནག་གཞུང་གིས་ཐེ་ཝན་སྐོར་གྱི་དེབ་རྒྱབ་ཤ་དཀར་པོ་བཏོན་ཡོད་པ་དང་མཚོ་ཁུལ་གྱི་དམག་སྦྱོང་མཇུག་སྒྲིལ་འདུག
རྒྱ་ནག་གི་དམག་དཔུང་གིས་འདས་པའི་ཉིན་གྲངས་ཁ་ཤས་རིང་ཐེ་ཝན་མཚོ་ཁུལ་དུ་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱེད་བཞིན་པ་དེ་མཇུག་སྒྲིལ་ལུགས་བཤད་ཡོད་འདུག
- 2022-08-11
-
-
-
དེ་ཡང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་དབུས་པའི་ཆེས་མཐོའི་སྐུ་ཚབ་ཚོགས་པས་ཐེ་ཝན་དུ་འཚམས་གཟིགས་གནང་རྗེས། རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་ཁུལ་དུ་མཁའ་མཚོ་གཉིས་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱས་ཡོད་པ་དང་། དུས་ཡུན་གཟའ་འཁོར་གཅིག་གི་རྗེས་འདི་ཚེས་༡༡ཉིན་རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་མཚོ་ཁུལ་དུ་དམག་དོན་སྦྱོང་བརྡར་དེ་མཇུག་སྒྲིལ་ལུགས་བརྗོད་ཡོད་འདུག
རྒྱ་ནག་གི་དམག་དཔུང་གིས་བརྗོད་པར་གཞིགས་ན། མཚོ་ཐོག་དང་མཁའ་ཐོག་གི་དམག་དོན་སྦྱོང་བརྡར་དེ་ལེགས་འགྲུབ་བྱུང་ལུགས་དང་། མུ་མཐུད་དུ་ཐེ་ཝན་མཚོ་ཁུལ་དུ་དུས་ཚོད་ངེས་མེད་ཐོག་དམག་གི་ལྟ་ཞིབ་ལས་དོན་སྤེལ་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག ཡིན་ན་ཡང་ཐེ་ཝན་ཕྱོགས་ནས་རྒྱ་ནག་གིས་དམག་དོན་སྦྱོང་བརྡར་ལ་ཁ་གཡར་ནས་བཙན་འཛུལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་འབྲེལ་ཐེ་ཝན་དང་རྒྱ་ནག་སྐམ་ས་བར་གཉིས་ཁ་ཁ་ཡིན་པ་དང་། པེ་ཅིན་གཞུང་གིས་ཐེ་ཝན་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁེར་རྐྱང་དུ་འཇོག་ཐབས་ཀྱི་ཐབས་ལམ་འཛིན་གྱི་ཡོད་པར་ཁ་རྡུང་བཏང་འདུག
ཐེ་ཝན་སྲུང་སྐྱོབ་ལས་ཁང་གིས་ཕྱི་ཚེས་༡༠ཉིན་རྒྱ་ནག་གི་དམག་གི་གནམ་གྲུ་༣༦ཙམ་དང་། དམག་གྲུ་༡༠ཙམ་ཐེ་ཝན་མཚོ་ཁུལ་དུ་གནས་མུས་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་འདུག
དེ་དང་དུས་མཚུངས་རྒྱ་ནག་གཞུང་གིས་ཕྱི་ཚེས་༡༠ཉིན་ཐེ་ཝན་སྐོར་གྱི་དེབ་རྒྱབ་ཤ་དཀར་པོ་ཟེར་བ་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་༢༠ནང་ཐེ་ཝན་སྐོར་ལ་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་འགྲེམས་སྤེལ་བྱས་བ་ཐོག་མ་དེ་ཡིན་ཞིང་། དེའི་ནང་དེ་སྔོན་རྒྱ་ནག་གིས་ཐེ་ཝན་རྒྱ་ནག་དང་གཅིག་གྱུར་བྱུང་ཚེ་རྒྱ་ནག་དབུས་གཞུང་གིས་ཐེ་ཝན་ལ་དམག་དཔུང་དང་ལས་བྱེད་གཏོང་རྒྱུ་མིན་པའི་ཁས་ལེན་སྲིད་བྱུས་ཕྱིར་ཐེན་བྱས་ཡོད་པ་དང་། དེའི་ཐོག་ནས་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་རང་སྐྱོང་གནས་བབ་འཛིན་རྒྱུའི་ཁས་ལེན་དེ་སྔོན་ལས་ཆུང་དུ་བཏང་ཡོད་པ་རེད། ཉེ་བའི་ཆར་དམངས་ཁྲོད་དུ་བསམ་ཚུལ་བསྡུ་ལེན་བྱས་པ་ཞིག་གི་ནང་། ཐེ་ཝན་གྱི་མི་དམངས་མང་ཆེ་བས་རྒྱ་ནག་དང་གཅིག་གྱུར་བྱ་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་འཛིན་གྱི་ཡོད་པ་གསལ་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།