ཐེ་ཝན་གྱིས་ཐེ་ཝན་མཚོ་ཁུལ་དུ་ཡོང་བའི་རྒྱ་ནག་གི་མཚོ་འོག་གྲུ་གཟིངས་ཀྱི་འགུལ་བསྐྱོད་ཐད་ལྟ་ཞིབ་ནན་མོ་བྱས་ཡོད་པ་བརྗོད་འདུག

རྒྱ་ནག་གི་རྡུལ་ཕྲན་གོ་མཚོན་ལྡན་པའི་མཚོ་འོག་གྲུ་གཟིངས་ཤིག་ཐེ་ཝན་མཚོ་ཁུལ་དུ་བསྐྱོད་བཞིན་པའི་པར་ཞིག་ཁྱབ་པའི་ཐད་ཐེ་ཝན་གཞུང་གིས་ལྟ་ཞིབ་ནན་པོ་བྱས་ཡོད་པ་ཐེ་ཝན་རྒྱལ་སྲུང་ལྷན་ཁང་གིས་བརྗོད་འདུག

རྒྱ་ནག་གི་རྡུལ་ཕྲན་གོ་མཚོན་ལྡན་པའི་མཚོ་འོག་གྲུ་གཟིངས་(094A)ཤིག་ལྷོ་རྒྱ་ནག་རྒྱ་མཚོ་ནང་བསྐྱོད་བཞིན་པ། ༠༤།༡༢།༢༠༡༨ REUTERS File photo

ཐེ་ཝན་དང་རྒྱ་ནག་བར་ཐེ་ཝན་མཚོ་ཁུལ་དུ་རྒྱུན་དུ་ནས་གདོང་ཐུག་གི་ཛ་དྲག་གནས་ཚུལ་ཡོད་མུས་ཡིན་པ་དང་། དེ་འབྲེལ་ཐེ་ཝན་གྱིས་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་གི་དམག་གི་གནམ་གྲུ་དང་གྲུ་གཟིངས་ཀྱིས་ཉིན་ལྟར་ཐེ་ཝན་མཚོ་ཁུལ་དུ་བྱ་འགུལ་སྤེལ་གྱི་ཡོད་པ་བཀོད་ཡོད་ཅིང་། ཐེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཉེ་ཆར་རྒྱ་ནག་གི་རྡུལ་ཕྲན་གོ་མཚོན་གྱི་ནུས་པ་ལྡན་པའི་མཚོ་འོག་གྲུ་གཟིངས་ཤིག་ཐེ་ཝན་མཚོ་ཁུལ་དུ་བསྐྱོད་བཞིན་པའི་པར་རིས་ཞིག་དྲྭ་ལམ་དུ་ཁྱབ་ཡོད་པ་དང་། དེ་ཡིས་ཐེ་ཝན་མཚོ་ཁུལ་དུ་འགུལ་བསྐྱོད་བྱེད་བཞིན་པའི་རྒྱ་ནག་གི་མཚོ་འོག་དམག་གི་གྲུ་གཟིངས་ཀྱི་དཔར་དེའི་ཐོག་ནས་མཐོང་ཐུབ་རྒྱུར། དམག་གི་གྲུ་གཟིངས་དེ་ནི་རྡུལ་ཕྲན་གོ་མཚོན་ཡོད་པའི་མཚོ་འོག་དམག་གྲུ་ཞིག་ཡིན་པ་དང་། པར་དེ་ཡང་གཟའ་མིག་དམར་གྱི་ཐོ་རེངས་སུ་ཐེ་ཝན་མཚོ་ཁུལ་དུ་བསྐྱོད་བཞིན་པའི་སྐབས་རྒྱབ་པ་ཞིག་ཡིན་པ་རེད། དམག་གི་མཚོ་འོག་གྲུ་གཟིངས་དེའི་སྐོར་ཐེ་ཝན་རྒྱལ་སྲུང་བློན་ཆེན་ཀུག་འོད་ཅུན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པའི་སྐབས། ཐེ་ཝན་ཕྱོགས་ནས་གནས་ཚུལ་ཤེས་རྟོགས་ཀྱིས་སྟངས་འཛིན་ཐུབ་ཀྱི་ཡོད་པ་འགྲེལ་བརྗོད་གནང་བ་ལས་དེ་མིན་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་བརྗོད་མེད་པ་རེད།
རྒྱ་ནག་རྒྱལ་སྲུང་ལྷན་ཁང་གིས་ཀྱང་དེའི་སྐོར་གསར་འགོད་པའི་དྲི་བར་ད་ལྟའི་ཆར་ལན་འདེབས་གང་ཡང་བྱས་མེད་པ་རེད།
རྡུལ་ཕྲན་གོ་མཚོན་ལྡན་པའི་མཚོ་འོག་དམག་གི་གྲུ་གཟིངས་དེ་རིགས་ཀྱིས་མཚོ་འོག་ཏུ་ཟླ་བ་ཁ་ཤས་འགུལ་བསྐྱོད་བྱ་ཐུབ་ཀྱི་ཡོད་པ་དང་། ལྷག་པར་དུ་མཚོ་འོག་ཏུ་གསང་བའི་ལས་དོན་མང་པོ་སྒྲུབ་ཀྱི་ཡོད་པ་རེད།
གནས་ཚུལ་ཤེས་རྟོགས་ཡོད་མཁན་གྱི་བདེ་འཇགས་མི་སྣ་ཞིག་གིས་མཚོ་འོག་དམག་གི་གྲུ་གཟིངས་དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་ནས་གྲུ་གཟིངས་ཡོང་སའི་རྒྱ་ནག་གི་ཤིན་དོ་ཁུལ་དུ་ཕྱིར་ལོག་བྱེད་བཞིན་པའི་སྐབས་ཡིན་སྲིད་པ་དང་། མཚོ་འོག་ནས་མཚོ་ཐོག་ཏུ་ཐོན་པ་དེ་གྲུ་གཟིངས་ལ་སྐྱོན་ཆ་བྱུང་ནས་མཚོ་ཐོག་ཏུ་ཐོན་པ་ཞིག་ཡིན་སྲིད་པ་ཡང་གསུངས་འདུག དམག་དོན་གནད་དོན་ཉམས་ཞིབ་པས་ཐེ་ཝན་གྱི་ལྷོ་ནུབ་མཚོ་ཁུལ་དེ་བཞིན་འཐབ་བྱུས་ཀྱི་མཚོ་ཁུལ་ཞིག་དང་། མཚོ་འོག་དམག་གི་གྲུ་གཟིངས་དེ་རིགས་ཀྱིས་འཇབ་རྒོལ་བྱ་རྒྱུར་ཆ་རྐྱེན་སྐྲུན་ཐུབ་པའི་མཚོ་ཁུལ་ཞིག་ཡིན་པའི་སྐོར་དབྱེ་ཞིབ་གནང་གི་ཡོད་པ་རེད་།


གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org