ཐེ་ཝན་ལ་མཚོ་འོག་དམག་གྲུ་བཟོ་རྒྱུའི་ལས་དོན་ཐོག་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་མཚོ་འོག་དམག་གྲུ་བཟོ་རྒྱུའི་ལས་དོན་ཐོག་མཐུན་འགྱུར་གནང་བར་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་རྒན་གྲས་ཤིག་གིས་ཐུགས་རྗེ་ཆེ་ཞུས་འདུག

ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་མཚོ་དམག་གི་གྲུ་གཟིགས་(SS-794)་ནང་། ༣།༢༡།༢༠༢༧ Reuters

ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་རྒན་གྲས་སྐུ་ཞབས་(Tsai Shih ying)་གྱིས། འཛམ་གླིང་གི་མཚོ་འོག་དམག་གྲུ་བཟོ་མཁན་གྱི་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡོད་ཅེས་གསུང་ནའང་འཛམ་གླིང་གི་རྒྱལ་ཁབ་སུ་དང་སུས་མཐུན་འགྱུར་གནང་བའི་སྐོར་མིང་འདོན་གནང་མེད་པ་རེད་འདུག ཡིན་ནའང་རེའུ་ཊར་གསར་འགྱུར་ལས་ཁང་གིས་ཞིབ་འཇུག་གནང་བའི་ནང་། ཐེ་ཝན་གྱི་མཚོ་འོག་དམག་གྲུ་བཟོ་རྒྱུའི་ལས་འཆར་དེར་ཨ་མི་རི་ཀ་དང་། ཁེ་ཎ་ཌ། དབྱིན་ཡུལ་བཅས་རྒྱལ་ཁབ་ཁག་ཅིག་གིས་མཐུན་འགྱུར་དང་། ལས་མིའི་ཆེད་གོང་ཞུས་རྒྱལ་ཁབ་དེ་དག་དང་ཨོསུ་ཀྲི་ལི་ཡ་དང་། ལྷོ་ཀོ་རི་ཡ། སི་པན་དང་རྒྱ་གར་བཅས་པའི་རྒྱལ་ཁབ་ཁག་གི་འཕྲུལ་ལས་པ་གླས་ཡོད་པ་རེད་འདུག
ཡང་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Tsai Shih ying)་ཡིས། ཐེ་ཝན་གྱི་མཚོ་འོག་དམག་གྲུ་བཟོ་རྒྱུའི་ལས་འཆར་དེར་དཀའ་རྙོག་ཆེ་ཤོས་དེ་རྒྱ་ནག་ཡིན་པའི་སྐོར་དང་དེའི་ཐོག་རྒྱ་ནག་གིས་ཐེ་གཏོགས་མི་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུང་འདུག
ཡིན་ནའང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཐེ་ཝན་གྱི་མཚོ་འོག་དམག་གྲུ་བཟོ་རྒྱུའི་ལས་འཆར་དེར་ཕྱིའི་སྟོབས་ཤུགས་དང་ངན་འབྲེལ་བྱེད་ཀྱི་ཡོད་པས། རྒྱལ་ཁབ་ཁག་གིས་དེར་འཛུལ་ཞུགས་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པའི་སྐོར་བརྗོད་ཡོད་པ་རེད་འདུག
ཐེ་ཝན་གྱི་(CSBC Corp)་ཞེས་པའི་གྲུ་གཟིངས་བཟོ་གྲྭ་དེས་སྔ་ལོ་ནས་ཐེ་ཝན་གྱི་མཚོ་འོག་དམག་གྲུ་ཁག་བཟོ་རྒྱུའི་ལས་འཆར་དེ་འགོ་འཛུགས་གནང་ཡོད་ཅིང་། ཐེ་ཝན་གྱི་གྲུ་གཟིངས་བཟོ་གྲྭ་དེས་མཚོ་འོག་དམག་གྲུ་བརྒྱད་ཕྱི་ལོ་༢༠༢༥་ལོ་ཚུན་བཟོ་ཐུབ་རྒྱུ་ཡིན་པ་ཐེ་ཝན་གཞུང་གིས་བརྗོད་ཡོད་པ་རེད་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org