སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་གཞུང་ཚབ་ཆེན་མོ་དང་མཇལ་འཕྲད་གནང་འདུག
སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་ཚབ་ཆེན་མོ་ནི་རྒྱུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་གསུངས་འདུག
-
2020-11-14 -
-
-
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཟའ་པ་སངས་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་བའི་རྗེས་སུ་ཁ་ས་ཉིན་རྒྱབ་ཨ་རིའི་གཞུང་ཚབ་ཆེན་མོ་Kenneth Ian Juster མཆོག་དང་མཇལ་འཕྲད་བཀའ་མོལ་གནང་འདུག དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་སྐུ་ཚབ་དོན་གཅོད་ཁང་གིས་ད་རིང་གནས་ཚུལ་སྤེལ་དོན་ལྟར་ན། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱལ་ས་ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ནང་ཨ་རིའི་གཞུང་ཚབ་ཆེན་མོ་Kenneth Ian Juster མཆོག་མཇལ་འཕྲལ་བཀའ་མོལ་ཕྱག་ཚོད་གཅིག་ལྷག་ཙམ་རིང་གནང་བའི་རྗེས་སུ་སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་ཚབ་ཆེན་མོ་ནི་རྒྱུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་དང་སྲིད་སྐྱོང་མཆོག་ཨ་རིའི་Harvard གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཡོད་པའི་སྐབས་ནས་ཐུགས་འདྲིས་ཡོད་སྐོར་གསུངས་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཨ་རིའི་གཞུང་ཚབ་ཆེན་མོ་Juster རྣམ་གཉིས་མཇལ་འཕྲད་གནང་བ་ད་རེས་ཐེངས་མ་དགུ་པ་དེ་ཡིན་འདུག སྲིད་སྐྱོང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཉིན་གྲངས་གཉིས་རིང་བཞུགས་སྐབས་ཁ་ས་གཟའ་པ་སངས་ཉིན་Vivekananda རྒྱལ་སྤྱིའི་ཐེབས་རྩས་གོ་སྒྲིག་ཞུས་པའི་བོད་དོན་སྐོར་གྱི་གསང་བའི་གྲོས་བསྡུར་ནང་མཉམ་བཞུགས་གནང་བ་དང་ཡང་ཁོང་གིས་World Uyghur Congress ཞེས་པའི་འཛམ་གླིང་ཡུ་གུར་ཚོགས་པས་གོ་སྒྲིག་ཞུས་པའི་དྲ་རྒྱ་བརྒྱུད་ཀྱི་བགྲོ་གླེང་ལྷན་ཚོགས་ཐོག་ཁ་ས་ཕྱི་དྲོ་ལྷན་བཞུགས་གནང་བ་མ་ཟད། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་ཞུས་པའི་Geneva Forum 2020 འམ་ཕྱི་ལོ་༢༠༢༠ལོའི་ཇི་ནི་ཝའི་གླེང་སྟེགས་སམ་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་ཁ་ཆེའི་མི་རིགས་ཡེ་ཤུ་དང་ཕ་ལུང་ཀུང་སོགས་ཀྱི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་རྒྱུའི་སྲིད་ཇུས་འཛིན་བཞིན་པ་དེས་འཛམ་གླིང་ཐོག་གནོན་ཤུགས་ཇི་ཐེབས་སྐོར་གྱི་བགྲོ་གླེང་མཇུག་བསྡོམས་གནང་མཁན་གཙོ་བོ་དེ་ཡང་གནང་འདུག ད་རིང་གཟའ་སྤེན་པའི་ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཨ་མེ་རི་ཀའི་ཕྱོགས་སུ་ཕེབས་ཐོན་གནང་ཡོད་པའི་གནས་ཚུལ་འདུག།