སྲིད་སྐྱོང་མཆོག་ཨ་རི་ནས་ཡོ་རོབ་ཁུལ་དུ་ཕེབས་ཐོན་གནང་བ།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་ནང་གི་གཟའ་འཁོར་གཉིས་ཀྱི་ལས་དོན་གྲུབ་སྟེ་ཡོ་རོབ་ཁུལ་དུ་ཕེབས་ཐོན་གནང་ཡོད་པ།

2012.10.20

༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་འདི་ག་ཨ་མི་རི་ཀའི་ནང་གཟའ་འཁོར་གཉིས་རིང་བོད་དོན་དྲིལ་བསྒྲགས་དང་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་སོགས་སུ་ཕེབས་པ་ལེགས་གྲུབ་བྱུང་ཡོད་འདུག
བཙན་བྱོལ་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ཟླ་༡༠ ཚེས་༦ ནས་ཚེས་༡༩ བར་ཨ་རིར་འཚམས་འདྲིར་ཕེབས་པ་ལྟར། ཐོག་མར་ཧར་ལྦ་ཌ་ གཙུག་ལག་སློབ་གྲྭའི་ནང་བོད་དང་གྲོས་མོལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང༌། དེ་ནས་ཕྱི་ཚེས་༡༠ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་ཀོ་ལོམ་ལྦི་ཡ་ གཙུག་ལག་སློབ་གྲྭའི་ནང་བོད་མིའི་དམངས་གཙོའི་འཕེལ་རིམ་སྐོར་གསུང་བཤད་གནང་འདུག
ཕྱི་ཚེས་༡༢ ཉིན་༸གོང་ས་མཆོག་དང་ལྷན་དུ་ཨ་རི་གཞུང་གིས་བསྐོ་བཞག་གནང་བའི་བོད་དོན་ཐད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ལྕམ་མ་རི་ཡོ་ ཨོ་ཊེ་རོ་ དང་མཇལ་འཛོམས་གནང་བ་དང༌། ཉིན་གུང་རྒྱབ་ཏུ་ མི་ནི་སོ་ཊ་ ཁྲིམས་ཀྱི་གཙུག་ལག་སློབ་གྲྭའི་ནང། བར་ལམ་བོད་ནང་དུ་རང་ལུས་མེ་བསྲེག་གཏོང་བའི་དོན་རྐྱེན་སྐོར་གཏམ་བཤད་གནང་ཡོད་འདུག
དེ་ནས་ཕྱི་ཚེས་༡༥ ཉིན་ཨ་རིའི་མངའ་སྡེ་ མེ་ས་ཅུ་སེཙ ཡི་གཙུག་ལག་སློབ་གྲྭ་ཞིག་ནང་བཙན་བྱོལ་སྤྱི་ཚོགས་ནང་གི་དམངས་གཙོའི་སྐོར་གཏམ་བཤད་གནང་བ་དང༌། ཕྱི་ཚེས་༡༦ ཉིན་ ཀུ་རུ་ཀུ་ལ་ ཚོགས་ཁང་ཆེན་མོའི་ནང་བོད་དོན་སྐོར་གཏམ་བཤད། ཕྱི་ཚེས་༡༧ ཉིན་ཧར་ལྦ་ཌ་ གཙུག་ལག་སློབ་གྲྭའི་ ཀེ་ནི་ཌི་ ཤེས་ཡོན་ཚན་པའི་ནང་བོད་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་སྐོར་ལ་གཏམ་བཤད་གནང་བ་དང༌། ཕྱི་ཚེས་༡༩ ཉིན་ཨ་རིའི་ནང་གི་གཟའ་འཁོར་གཉིས་ཀྱི་ལས་དོན་གྲུབ་སྟེ། ཡོ་རོབ་ཁུལ་དུ་ཕེབས་ཐོན་གྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ པ་རག་ དང༌། དབྱིན་ཇིའི་རྒྱལ་ས་ལོན་ཊོན། ཨི་ཊ་ལི གྲོང་ཁྱེར་ རོམ་སོགས་ནང་མཛད་རིམ་སྐྱོང་རྒྱུ་ཡིན་པ་རེད།།



མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎