རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཤཱ་ཤི་ ཐཱ་རུར་ལགས་ཀྱིས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་དང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་གནང་འདུག

2024.05.31
རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཤཱ་ཤི་ ཐཱ་རུར་ལགས་ཀྱིས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་དང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་གནང་འདུག རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཤཱ་ཤི་ ཐཱ་རུར་ལགས་ཀྱིས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་སྐབས། ༠༥།༣༠།༢༠༢༤
CTA

རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་དང་རྒྱ་གར་དབུས་གཞུང་གི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ཤཱ་ཤི་ ཐཱ་རུར་ (Dr. Shashi Taroor)་ལགས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་༧རྒྱལ་བའི་ཕོ་བྲང་དུ་སྤྱི་ཟླ་༥པའི་ཚེས་༣༠ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། དེའི་རྗེས་གངས་སྐྱིད་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་མཇལ་མོལ་གནང་བ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་གཟིགས་སྐོར་གནང་ཡོད་པ་རེད།

Shashi Taroor Dharamsala CTA (2).jpg

སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་གཙོས་དེར་ཡོད་སྤྱི་འཐུས་རྣམ་པས་སྣེ་ལེན་གནང་བ་དང་། སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་སོགས་ངོ་སྤྲོད་སྙིང་བསྡུས་ཞུས་རྗེས། སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དུ། སྐུ་ཞབས་ཤཱ་ཤི་ ཐཱ་རུར་ལགས་ཀྱིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་སླད་ཕེབས་སྐབས་སྐུ་ཞབས་ཁོང་དང་ལྷན་མཇལ་འཕྲད་གནང་རྒྱུའི་གོ་སྐབས་གནང་བ་སོགས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག མ་འོངས་པར་མུ་མཐུད་དུ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་གྱི་ལས་རིམ་དང་འབྲེལ་ཏེ། བོད་ཀྱི་ཆབ་སྲིད་ཙམ་མ་ཡིན་པར། ས་བབ་དང་། ཁོར་ཡུག་སོགས་རྒྱལ་སྤྱི་དང་། རྒྱ་གར་སོགས་ལ་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པའི་སྐོར་སོགས་ཞུས་པ་མ་ཟད། དེ་སྔོན་སྐུ་ཞབས་ཁོང་ཕྱི་ལོ་༢༠༢༢ལོར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་བསྡུས་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་༨པའི་ཐོག་གདན་ཞུས་ལྟར་ཆེད་ཕེབས་གནང་བ་ལྟར། མ་འོངས་པའི་ཚོགས་ཆེན་ཐོག་ཀྱང་ཕེབས་པའི་རེ་སྐུལ་ཞུས་འདུག
རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ ཤཱ་ཤི་ ཐཱ་རུར་ (Dr. Shashi Taroor) ལགས་ཀྱིས་བོད་དང་། བོད་མིའི་གནད་དོན་ཐོག་རྒྱ་གར་སྲིད་དོན་ཚོགས་པ་ཚང་མས་གཅིག་མཚུངས་ཀྱི་རྒྱབ་སྐྱོར་ཡོད་སྐོར་དང་། ད་རེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་ཁ་ཞུས་སྐོར་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གཙོས་པའི་འཛམ་གླིང་ཁྱོན་ཡོངས་ནང་བྱམས་པ་དང་། སྙིང་རྗེའི་གལ་གནད་སྐོར་གོང་སྤེལ་ཤུགས་ཆེ་གནང་ཡོད་སྐོར་སོགས་གསུང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎