ཁྲི་འདུ་རྫོང་ཁུལ་ནས་བོད་མི་བདུན་འཛིན་བཟུང་བཀག་ཉར།
མཚོ་སྔོན་ཁྲི་འདུ་རྫོང་ཁུལ་ནས་བོད་མི་མི་གྲངས་བདུན་འཛིན་བཟུང་བྱས་ཏེ་ད་ཆ་ཁྲི་འདུ་རྫོང་ཐོག་ཏུ་བཀག་ཉར་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག
-
2017-10-23 -
-
-
རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དུ་བོད་མི་མི་གྲངས་བདུན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ཆ་ཁྲི་འདུ་རྫོང་ཐོག་ཏུ་བཀག་ཉར་བྱེད་བཞིན་ཡོད་པའི་སྐོར་བོད་ནང་གི་བོད་མི་ཞིག་གིས་འདི་ག་གསར་འགོད་པར་གནས་ཚུལ་ངོ་སྤྲོད་གནང་འདུག གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་གཞིགས་ན། རྒྱ་ནག་གུང་ཁྲན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་༡༩་པ་དེ་ཚོགས་བཞིན་པའི་སྐབས་དེར་བོད་ནང་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་རྟོག་ཞིབ་ནན་པོ་བྱེད་བཞིན་ཡོད་པར་བརྟེན་རང་རང་གི་སྤུན་མཆེད་དང་། དགའ་ཉེ་སོགས་དབར་དྲ་རྒྱ་དང་། སྐད་འཕྲིན་བརྒྱུད་གླེང་མོལ་བྱེད་རྒྱུ་ཡང་སྟབས་བདེ་མེད་པ་མ་ཟད། ལྷག་པར་དུ་སྐད་འཕྲིན་མང་པོའི་ནང་རྒྱ་ནག་གིས་སོ་ལྟ་བཙུགས་པ་སོགས་སྐད་འཕྲིན་བརྒྱུད་ལམ་ལ་ཉེན་ཁ་ཆེན་པོ་བཟོས་ཡོད་པ་དང་། འདས་པའི་ཉིན་གྲངས་བཅུ་ཙམ་གྱི་གོང་ཏུ་ཁྲི་འདུ་རྫོང་ཁུལ་དུ་ཡོད་པའི་བོད་མི་བཀྲིས་དགྲ་རྡུལ་དང་། སྐལ་བཟང་རྒྱ་མཚོ་སོགས་བོད་མི་མི་གྲངས་བདུན་ཙམ་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ཆ་ཁྲི་འདུ་རྫོང་ཁུལ་དུ་བཀག་ཉར་བྱེད་བཞིན་ཡོད་པ་དང་། ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་ནི་བོད་ནང་ཞི་བའི་ངོ་རྒོལ་གྱི་ཐོག་ནས་སྐུ་ལུས་མེར་བསྲེག་གནང་མཁན་བོད་མི་ཚོའི་གནས་སྟངས་སྐོར་དྲ་ལམ་ནང་བརྒྱུད་སྐུལ་བྱས་པའི་ནག་ཉེས་ཀྱི་ཐོག་ནས་ད་རེས་རྒྱ་ནག་གུང་ཁྲན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་༡༩་པ་དེ་བསྐོངས་འཚོགས་བྱེད་བཞིན་པའི་དུས་ཚོད་དེའི་ནང་ཁོང་རྣམས་འཛིན་བཟུང་བྱས་པ་ཞིག་ཡིན་ལུགས་ས་གནས་མི་མང་ཚོས་བརྗོད་བཞིན་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།