དཀར་མཛེས་རྫོང་དུ་སླར་ཡང་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ།


2017.04.15
ཁམས་དཀར་མཛེས་རྫོང་དུ་སླར་ཡང་བོད་མི་ཞིག་གིས་རང་ལུས་མེར་བསྲེགས། དེ་རིང་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་ཁམས་དཀར་མཛེས་རྫོང་དུ་སླར་ཡང་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག
བོད་ནས་འབྱོར་བ།

༄༅། །འདི་ག་རླུང་འཕྲིན་ཁང་དུ་དཀར་མཛེས་རྫོང་གི་ས་ཆ་ཆ་བརྒྱུད་ཡག་པོ་ཡོད་མཁན་ད་ལྟ་བཙན་བྱོལ་དུ་གནས་པའི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་པར་གཞིགས་ན། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་ཕྱི་ཟླ་ ༤ ཚེས་ ༡༥ སྔ་དྲོའི་ཚོུད་ ༧ པ་ཙམ་ལ་བྱུང་ཡོད་པ་བརྗོད་འདུག་ཀྱང་།  ཞིབ་ཕྲའི་གནས་ཚུལ་ད་བར་ཤེས་རྟོགས་གང་ཡང་མེད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་འབྲེལ་ཡོད་བརྒྱུད་ས་གནས་ནས་ཐད་ཀར་གནས་ཚུལ་ཤེས་རྟོགས་ཡོང་རྒྱུའི་འབད་བརྩོན་ཞུ་བཞིན་ཡོད་ཀྱང་། མང་ཆེ་བས་འབྲེལ་བ་འཐུད་མ་ཐུབ་པ་འགྲེལ་བརྗོད་དང་། ཧ་ལམ་དྲ་རྒྱ་ཡོངས་རྫོགས་བཀག་ཟིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག།  
སྤྱི་ཚོགས་དྲ་ལམ་ཁག་ཏུ་དེ་རིང་དཀར་མཛེས་རྫོང་དུ་རང་ལུས་མེར་བསྲེགས་སྐབས་ཀྱི་བརྙན་པར་ཞིག་འགྲེམ་སྤེལ་བྱེད་བཞིན་འདུག་པ་དེའི་ནང་། ཉེན་རྟོག་པའི་སྒྲིག་ཆས་གྱོན་པའི་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་མཁན་གྱི་སྐུ་གཟུགས་སྟེང་མེ་གསོད་ཀྱི་རྫས་གཏོར་བཞིན་འདུག་པ་དང་། གཞན་ཡང་ཉེན་རྟོག་པ་འགའ་ཤས་དེའི་ཕྱོགས་སུ་རྒྱུགས་བཞིན་པ་མཐོང་རྒྱུ་འདུག་ལ། པར་ལེན་མཁན་དེའི་མདུན་ནས་མོ་ཊ་ཞིག་ཀྱང་འགྲོ་གི་འདུག་པ་དེའི་སྟེང་བོད་ཡིག་ཐོག་བྲིས་པའི་ཡི་གེ་ཡང་མཐོང་རྒྱུ་འདུག
ད་བར་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་སྟེ་རིང་པོར་མ་འགོར་བར་རྒྱ་མིའི་ཉེན་རྟོག་པས་རང་ལུས་བསྲེགས་གནང་མཁན་ཁོང་འཁྱེར་ཡོད་འདུག་པ་དང་། ད་ལྟའི་སྐབས་ཁོང་གི་མིང་གང་ཡིན་དང་། གང་ནས་ཡིན་མིན་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རེད།
འདི་ནི་དུས་ཡུན་ཟླ་བ་གཅིག་གི་ནང་ཚུད། དཀར་མཛེས་རྫོང་དུ་བོད་མི་རང་ལུས་མེར་བསྲེགས་གནང་མཁན་གཉིས་པ་དེ་ཡིན་ཞིང་། ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཁམས་ཉག་རོང་ནས་ཡིན་པ་བོད་མི་པདྨ་རྒྱལ་མཚན་ལགས་ཀྱིས་དཀར་མཛེས་རྫོང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་གནང་པ་དང་། ཁོང་ཡང་རྒྱ་ནག་གཞུང་འབྲེལ་མི་སྣས་བཙན་འཁྱེར་གྱིས་ད་བར་གར་ཡོད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎