རྒྱ་ནག་པེ་ཅིང་ནས་རང་ལུས་མེར་བསྲེགས་ནས་ཞི་རྒོལ་བྱས་འདུག

རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་རྒྱ་མི་Liu་ཞེས་བས་རང་ལུས་མེར་བསྲེགས་སྐབས། ༢༠༡༦།༥།༢༠
རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་རྒྱ་མི་Liu་ཞེས་བས་རང་ལུས་མེར་བསྲེགས་སྐབས། ༢༠༡༦།༥།༢༠ (མཐུན་འགྱུར་པར་རིས།)

རྒྱ་ནག་ནང་རྒྱ་མི་ཞིག་གིས་རང་གི་བུ་མོའི་སློབ་འཇུག་བྱེད་རྒྱུར་དཀའ་ངལ་འཕྲད་པའི་རྐྱེན་གྱིས་འུ་ཐུག་ནས་རང་ལུས་མེར་སྲེགས་བཏང་ཡོད་པ་རེད།
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༢༠་གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་། རྒྱ་རིགས་རུས་མིང་ལ་Liu་ཞེས་པ་ཞིག་གིས་རྒྱལ་ས་པེ་ཅིང་ཁོངས་སུ་གཏོགས་པའི་Changping་ཞེས་པའི་གྲོང་ཁྱེར་གྱི་ལས་ཁུངས་ཤིག་མདུན་རང་ལུས་མེར་སྲེགས་བཏང་ཡོད་པ་དང་། ཁོ་པ་དེ་མ་ཐག་པེ་ཅིང་གི་སྨན་ཁང་ཞིག་ཏུ་སྐྱེལ་དགོས་བྱུང་ཡོད་འདུག
གནད་དོན་འདིའི་སྐོར་ཁོ་པའི་ངོ་ཤེས་ཚོས་འགྲེལ་བརྗོད་བྱས་པ་ལྟར་ན། ཁོ་པའི་བུ་མོ་སློབ་གྲྭར་དེབ་སྐྱེལ་བྱེད་རྒྱུའི་ཆེད་ས་གནས་དང་། འབྲེལ་ཡོད་ལས་ཁུངས་གང་སར་ཞུ་གཏུགས་རིམ་པ་བྱས་ཡོད་ཀྱང་དོན་འབྲས་སོན་མེད་པར་བརྟེན་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དངོས་འབྲེལ་ཡིན་འདུག
ཡང་གོང་ཞུས་གནད་དོན་སྐོར་ས་གནས་འབྲེལ་ཡོད་ལས་ཁུངས་ལ་ཁ་པར་ཐོག་ནས་འདི་གའི་ལས་ཁུངས་ནས་འདྲི་བརྩད་བྱས་པའི་སྐབས་ལས་བྱེད་ཅིག་གིས། མི་དེ་སྨན་བཅོས་ཆེད་སྨན་ཁང་ལ་སྐྱེལ་ཡོད་ལུགས་བཤད་པ་ལས་རྒྱུ་མཚན་གང་ཡིན་ཤེས་རྟོག་མེད་ཅེས་ལན་འདེབས་བྱས་འདུག
སྤྱིར་བཏང་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གཙོས་གྲོང་ཁྱེར་ཆེ་ཁག་ནང་འཚོ་བའི་ཆེད་མི་མང་ས་ཡ་མང་པོ་ཡོད་པ་དེ་དག་ལ་གཞུང་གི་ཁྲིམས་གཞི་གསར་པའི་ཐོག་ནས་རང་ཉིད་ཀྱི་ཕྲུ་གུ་སློབ་འཇུག་བྱེད་རྒྱུར་ཡིག་ཆ་མང་པོ་དང་ལས་ཁུངས་རིམ་པ་མང་པོ་ཞིག་བརྒྱུད་དགོས་པའི་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཀྱི་ཡོད་པ་མ་ཟད། གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཞུ་གཏུགས་བྱེད་མཁན་ཡང་གྲངས་ལས་འདས་པ་ཞིག་ཡོད་པ་རེད་། དེའི་ཁོངས་ནས་རུས་མིང་ལ་ཀྲང་ཞེས་པ་ཞིག་གིས། གཞུང་གི་ངོས་ནས་ཕ་མ་ཚོར་དགོས་ངེས་རིགས་གསལ་པོ་བཟོ་དགོས་ཀྱི་ཡོད་ཀྱང་དེ་ལྟར་མེད་པའི་རྐྱེན་གྱིས་དཀའ་ངལ་འཕྲད་ཀྱི་ཡོད་རེད། རྩ་བའི་རང་ལུས་མེར་སྲེགས་གཏོང་རྒྱུ་ནི་ཐབས་ཤེས་ཡག་པོ་ཞིག་མ་རེད། ཡིན་ནའང་དེ་ནི་འ་ཆད་འུ་ཐུག་པའི་རྐྱེན་གྱིས་འདི་ལྟབུའི་བྱ་སྤྱོད་སྤེལ་དགོས་ཆགས་པ་རེད་ཅེས་འགྲེལ་བརྗོད་བྱེད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།