བྱང་ཨ་རིའི་ནང་སྤྱི་ཚོགས་དང་སེམས་མྱོང་བཟང་སྤྱོད་བཅས་ཀྱི་ཟབ་སྦྱོང་ཚོགས་འདུག
བྱང་ཨ་རིའི་ནང་གི་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་དགེ་རྒན་ཚོར་ཉིན་གསུམ་རིང་སྤྱི་ཚོགས་དང་སེམས་མྱོང་བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་སྤྲད་འདུག
- 2023-03-21
-
-
-
Your browser doesn’t support HTML5 audio
དེ་ཡང་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། བྱང་ཁེ་ལི་ཧྥོར་ནི་ཡ་(California)་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ཟླ་བ་འདིའི་ཚེས་༡༩བར་གྱི་ཉིན་གྲངས་གསུམ་རིང་། བྱང་ཁེ་ལི་ཧྥོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ། སཱི་ཤེས་ཡོན་སློབ་གསོ་(SEE Learning)་ཞེས་པའི་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཚོགས་པར། བྱང་ཨ་རིའི་ནང་གི་ས་གནས་ཁག་༡༨ཙམ་ནས་གཟའ་མཇུག་བོད་ཡིག་སློབ་གྲྭའི་དགེ་རྒན་༨༠ཙམ་མཉམ་ཞུགས་གནང་འདུག
བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་སྐབས་དེར། སཱི་ཤེས་ཡོན་སློབ་གསོ་དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་བསྐྱེད་དམ་བཅའ་བཞི་ཡོད་པའི་ནང་གི་གཉིས་པ་དང་འབྲེལ་བ་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་འབྲེལ། ཟབ་སྦྱོང་དེའི་བྱུང་རིམ་སྐོར་ངོ་སྤྲོད་གནང་ཡོད་འདུག
ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་དེའི་སྐབས། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་སཱི་ཤེས་ཡོན་སློབ་གསོའི་སྤྱི་ཁྱབ་འགན་འཁུར་བ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། སཱི་ཤེས་ཡོན་སློབ་གསོའི་རྒྱལ་སྤྱིའི་འབྲེལ་མཐུད་པ་བརྩོན་འགྲུས་བསམ་འཕེལ་ལགས་གཉིས་ཀྱིས་སཱི་ཤེས་ཡོན་སློབ་གསོའི་སྒྲོམ་གཞི་དང་ཁྱབ་ཁོངས་གསུམ་གྱི་སྐོར་ཞིབ་ཕྲ་ཟབ་ཁྲིད་ངོ་སྤྲོད་གནང་ཡོད་པ་རེད།
ཟབ་ཁྲིད་གནང་མཁན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་ཟབ་སྦྱོང་གི་མཇུག་བསྡོམས་སྐབས། སྤྱིར་སྟངས་དེང་སྐབས་མི་ཚོས་གསུངས་བཞིན་པ་སྤྱི་སེམས་བཟང་གསུམ་གྱི་ཤེས་ཡོན་སློབ་གསོའམ་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་དེ་འཛམ་བུ་གླིང་གི་ས་གནས་གང་སར་སྤྲོད་བཞིན་ཡོད་ཀྱང་། ད་རེས་བོད་པའི་སྤྱི་ཚོགས་ནང་ཟབ་སྦྱོང་སྤྲད་པ་དེ་དམིགས་བསལ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་གསུང་སོང་།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱིས། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་གལ་ཆེ་དོན་ཆེན་གྱིས་གོ་སྒྲིག་གནང་བ་གཞིར་བཟུང་། ད་རེས་ས་གནས་འདྲ་མིན་གྱི་དགེ་རྒན་མང་པོ་མཉམ་ཞུགས་གནང་བ་མ་ཟད་། མཉམ་ཞུགས་པ་མང་པོས་འདི་ལྟབུའི་ཟབ་སྦྱོང་མུ་མཐུད་གནང་དགོས་པའི་རེ་བ་བཏོན་མཁན་བྱུང་བ་ལྟར་མ་འོངས་བར་མུ་མཐུད་གོ་སྒྲིག་ཞུ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པ་སོགས་གསུང་ཡོད་པ་རེད།
ད་རེས་ཟབ་སྦྱོང་དེས་བོད་ཡིག་སློབ་གྲྭའི་དགེ་རྒན་རྣམས་ལ་ཕན་ཐོགས་པོ་བྱུང་བ་ཨ་རིའི་བྷོ་སུ་ཀྲོན་(Boston)་ནས་ཕེབས་པའི་དགེ་རྒན་ཀརྨ་ཕུན་ཚོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། པ་སངས་དོན་ལྡན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།