བོད་ཀྱི་ས་མཐོའི་ཚ་དྲོད་རྒྱས་བཞིན་པའི་ཐོག་རློན་ཚད་མཐོ་རུ་འགྲོ་བཞིན་པ།


2017.07.15
བོད་ཀྱི་ས་མཐོའི་ཚ་དྲོད་རྒྱས་བཞིན་པའི་ཐོག་རློན་ཚད་མཐོ་རུ་འགྲོ་བཞིན་པ། གངས་རིན་པོ་ཆེ།
བི་ཀི་པི་ཌི་ཡ།

༄༅། །གོ་ལའི་ཁོར་ཡུག་གི་ཚ་དྲོད་རྒྱས་བཞིན་པའི་ཤུགས་རྐྱེན་འོག་བོད་མཐོ་སྒང་སྤྱི་དང་ལྷག་པར་དུ་མཚོ་སྔོན་བོད་ཀྱི་ས་མཐོའི་ཚ་དྲོད་རྒྱས་བཞིན་པའི་ཐོག་རློན་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་རྒྱ་ནག་གི་ཞིབ་འཇུག་ཚན་རིག་པས་བརྗོད་འདུག
བོད་ཀྱི་ས་མཐོ་ནི་རྒྱ་མཚོ་ནས་མི་ཊར་ ༣༠༠༠ ནས་ ༥༠༠༠ བར་གྱི་མཐོ་ཚད་དུ་ཆགས་ཡོད་ཅིང་། ས་མཐོ་དེའི་ནང་གཏན་འཇགས་འཁྱགས་རོམ་སྟོང་ཕྲག་མང་པོ་ཡོད་པར་མ་ཟད། རྒྱ་ནག་དང་ཁྱིམ་མཚེས་ཡུལ་གྲུ་མང་པོའི་ནང་རྒྱུགས་པའི་གཙང་པོ་ཆེ་ཁག་གི་འབྱུང་ཁུངས་ཡང་ཆགས་ཡོད་པ་རེད
འཛམ་གླིང་གི་ས་གནས་གཞན་དང་མ་འདྲ་བར་གོ་ལའི་ཚ་དྲོད་རྒྱས་པའི་རྐྱེན་གྱིས་བོད་ཀྱི་ས་མཐོའི་ཁོར་ཡུག་ཐོག་ཤུགས་རྐྱེན་ཆེ་བ་ཡོང་གི་ཡོད་པ་རྒྱ་ནག་དང་དེ་མིན་ཁོར་ཡུག་ཉམས་ཞིབ་པ་ཚོས་ངོས་འཛིན་གྱིས། བོད་ནི་འཛམ་གླིང་གི་སྣེ་གསུམ་པ་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས། གཞན་ཡང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་དོན་གཉེར་གནང་མཁན་ཚོས་བོད་ཀྱི་ས་མཐོའི་ཁོར་ཡུག་ལ་དོ་ཕོག་ཕྱིན་ཚེ་དེས་བོད་མི་ཙམ་མ་ཡིན་པར། བོད་ནས་རྒྱུགས་པའི་ཆུ་ཆེན་ཁག་ལ་འཚོ་གནས་རྟེན་མཁན་མི་གྲངས་ཐེར་འབུམ་གཅིག་ལྷག་ལ་གོས་ཆགས་ཀྱི་དཀའ་ངལ་འཕྲད་སྲིད་པ་ཡང་ནས་ཡང་དུ་གསུངས་ཀྱི་ཡོད་པ་རེད།
རྒྱ་ནག་གི་ཚན་རིག་ཞིབ་འཇུག་པ་ཚོས།  བོད་ནང་གི་མཚོ་ཆུང་དང་མཚེའུ་ཁག་གི་ཆུ་ཚད་རྒྱས་བཞིན་ཡོད་འདུག་པར་མ་ཟད། འཁྱགས་རོམ་གྱི་ཚད་གཞི་ཆུང་དུ་འགྲོ་བ། གནམ་གཤིས་ཁོད་མི་སྙོམས་པའི་རང་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་དེ་དག་གི་རྐྱེན་པས་རང་བཞིན་འབྱུང་བའི་གོས་ཆགས་ཀྱི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག
ད་དུང་རྒྱ་མིའི་ཚན་རིག་པ་དེ་དག་གིས། བོད་ཀྱི་ས་མཐོའི་ཁོར་ཡུག་ཉམས་ཆགས་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ནི། ཏིག་ཚྭ་ལྡན་པའི་དུག་རླངས་ཡིན་པ་བརྗོད་བཞིན་ཡོད་པར་མ་ཟད། བོད་ཀྱི་ས་མཐོའི་ཚ་དྲོད་རྒྱས་པ་དང་རློན་གཤེར་ཆེ་རུ་འགྲོ་བཞིན་པར་གདོང་ལེན་བྱ་རྒྱུ་ཙམ་ལས་འགོག་ཐབས་ཧ་ཅང་ཁག་པོ་ཡིན་པ་བརྗོད་འདུག
ད་དུང་ཚན་རིག་པ་དེ་དག་གིས་བོད་ཀྱི་གནམ་གཤིས་རང་འགུལ་གྱི་ཐོག་ནས་ཁོད་སྙོམ་མི་ཐུབ་པ་གྱུར་ཚེ། རྩ་ཐང་བྱེ་ཐང་དུ་འགྱུར་བ་ཇེ་མང་དུ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་འདུག།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎