བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་མུ་མཐུད་དུ་བོད་དོན་རྐང་འཁོར་སྐོར་བསྐྱོད་གནང་བཞིན་འདུག
བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་ཁེ་ཎ་ཌའི་ནང་བོད་དོན་ཞི་བའི་གོམ་བགྲོད་གནང་བཞིན་ཨོ་ཊ་ཝར་འབྱོར་ཡོད་པ་དང་མུ་མཐུད་དུ་བོད་དོན་རྐང་འཁོར་སྐོར་བསྐྱོད་གནང་བཞིན་པ་རེད།
- 2023-05-16
-
-
-
ཁེ་ཎ་ཌའི་ནང་གནས་བཞུགས་བོད་དོན་ལས་འགུལ་པ་སངས་རྒྱས་སྐྱབས་ལགས་ཀྱིས་ནམ་རྒྱུན་བོད་དོན་ཆེད་ལས་འགུལ་འདྲ་མིན་མང་བོ་ཞིག་སྤེལ་བཞིན་ཡོད་པ་ལྟར། ཉེ་སྔོན་ཚེས་༡༠གཟའ་ལྷག་པའི་ཉིན། ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་རུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་ནས་བོད་དོན་ཞི་བའི་གོམ་བགྲོད་གནང་བཞིན་འདི་ཚེས་༡༦ཉིན་རྒྱལ་ས་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝར་འབྱོར་ཡོད་པ་དང་། ཡང་འདི་ཚེས་༡༧ཉིན་ནས་འགོ་འཛུགས་ཀྱིས་ཟླ་ངོ་བཞི་ཙམ་གྱི་རིང་ཁེ་ཎ་ཌ་རྒྱལ་ཡོངས་སུ་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁོང་གིས་གསུངས་ན། ད་ཐེངས་བོད་དོན་ཞི་བའི་གོམ་བགྲོད་དང་རྐང་འཁོར་སྐོར་བསྐྱོད་ཀྱི་དགོས་འདུན་གཙོ་བོ་ནི། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མིག་སྔར་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནས་གཞི་མེད་མཚན་ཤས་བཟོ་ཐབས་བྱས་བར་དགོངས་སེལ་ཞུ་དགོས་བ་དང་། སྤྱི་ནོར་༧གོང་ས་མཆོག་མྱུར་དུ་བོད་ལ་ཕེབས་ཐུབ་རྒྱུར་ཁེ་ཎ་ཌ་གཞུང་དམངས་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་གནང་དགོས་པ། དུས་རབས་ཉེར་གཅིག་པའི་བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་དྲང་བདེན་གྱིས་གྲོས་མོལ་བྱ་དགོས་པ། པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་བོད་ཀྱི་ཆབ་སྲིད་བཙོན་མ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས་པ། དེང་སྐབས་བོད་ནི་འཛམ་གླིང་གི་རང་དབང་མེད་པའི་ལུང་པ་སྡུག་ཤོས་དེ་ཆགས་ཡོད་པ་གསལ་བཤད་བཅས་ཀྱི་ཆེད་ཡིན་དུས། བོད་དོན་ཞི་བའི་གོམ་བགྲོད་དང་རྐང་འཁོར་སྐོར་བསྐྱོད་བྱེད་ཞོར་བོད་དོན་དྲིལ་བསྒྲགས་ཡིག་ཆ་མང་པོ་ས་གནས་མི་མང་ལ་གསལ་བཤད་དང་འགྲེམས་སྤེལ་བྱེད་བཞིན་ཡོད་པས། ས་གནས་མི་མང་གིས་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་བཞིན་པ་འགྲེལ་བརྗོད་གནང་བྱུང་།
སངས་རྒྱས་སྐྱབས་ལགས་ཀྱིས་ནམ་རྒྱུན་བདུན་རེའི་རེས་གཟའ་ལྷག་པའི་ཉིན་ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་རུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་བོད་དོན་ཞི་བའི་ལས་འགུལ་སྤེལ་ནས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་ངོ་རྒོལ་གནང་བཞིན་ཡོད་པ་རེད།
གསར་འགོད་པ། ཨྱོན། ཀེ་ཐོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།