ཡིད་སྐྱོའི་གནས་ཚུལ།


2018.08.18
ཡིད་སྐྱོའི་གནས་ཚུལ། ཚེ་དབང་ནོར་བུ།
Photo: RFA
ཡིད་སྐྱོའི་གནས་ཚུལ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཡོ་རོབ་ས་ཁུལ་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ ཕྱི་ལོ་ ༢༠༡༨
ཟླ་བ་ ༨ ཚེས་ ༡༨ ཉིན་འཇར་མན་གྱི་གྲོང་ཁྱེར་སྦར་ལིན་དུ་འདས་གྲོངས་སུ་ཕེབས་འདུག  ཡིད་སྐྱོའི་གནས་ཚུལ་འདི་ཐོས་མ་ཐག་འདས་པའི་ལོ་ངོ་ཉི་ཤུ་རྩ་གཅིག་ལྷག་རིང་ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པའི་ཕྱག་ལས་གནང་པའི་ལོ་རྒྱུས་ལ་དྲན་གསོ་ཞིག་བྱས་པ་ཡིན།  ཚེ་དབང་ནོར་བུ་ལགས་ནི་གསར་འགོད་ལས་རིགས་ལ་དོ་དབྱིངས་ཆེ་ཞིང་བརྩོན་པ་ཆེ་ལ། བག་ཡངས་ལ་གནས་ཚུལ་དབྱེ་ཞིབ་ལ་གཏིང་གཟབ་པའི་ཁྱད་ཆོས་བཏོན་ཐུབ་པ། བོད་དང་འཛམ་གླིང་སྤྱིའི་གནས་ཚུལ་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་ལ།  ཕྱི་ལོ་ ༡༩༩༧ ལོའི་ཕྱི་ཟླ་ ༥ ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་གནང་པ་ནས་བཟུང་གཙོ་ཆེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་མཛད་འཕྲིན་དང་འབྲེལ་བའི་གནས་ཚུལ་ཙམ་མ་ཟད།  ཁོང་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་གང་དུ་ཕེབས་ཀྱང་། ས་གནས་དེ་དག་གི་ལོ་རྒྱུས་སོགས་གནས་ཚུལ་བརྒྱ་ཕྲག་མང་པོ་མཁོ་གཏོང་གནང་ཡོད།  ཁོང་ནི་གྲོགས་འདྲིས་བདེ་ལ་གནད་དོན་གང་འདྲ་ཞིག་གི་ཐོག་ལ་ཡང་བསམ་བློ་གུ་ཡངས་ཀྱི་ཐོག་ནས་བགྲོ་གླེང་གནང་ཐུབ་མཁན་ཞིག་ཡིན་པ་རེད།  ཁོང་གློ་བུར་དུ་འདས་གྲོངས་སུ་ཕེབས་པ་འདི་ནི་ང་ཚོ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གྱོང་གུན་ཆེན་པོ་ཞིག་ཡིན་ན་ཡང་། ང་ཚོས་རྟག་ཏུ་ཁོང་གི་བྱས་རྗེས་དྲན་པའི་ཐོག་ནས་ལོ་ངོ་ཉི་ཤུ་ལྷག་གི་ལེགས་སྐྱེས་ལ་ཡིད་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཁོང་ནི་ཕྱི་ལོ་ ༡༩༤༩ ལོར་བོད་ལྷོ་བྲག་སེངྒེ་རིར་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་ཁོང་གི་ནང་མི་ལྷན་དུ་འབྲུག་ཡུལ་དུ་བྲོས་བྱོལ་དུ་ཕེབས་པ་དང་། རྒྱ་གར་མ་སུ་རིའི་སློབ་ཕྲུག་ཐོག་མའི་གྲས་ཡིན་པ་རེད། དེ་ནས་སློབ་གྲྭ་མཐར་སོན་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ St. Stephen’s མཐོ་རིམ་སློབ་གྲྭའི་ནང་སློབ་སྦྱོང་གནང་ཞིང་། དེ་རྗེས་ལྡི་ལིའི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ཕྱག་ལས་གནང་ཡོད་པ་རེད། ཕྱི་ལོ་ ༡༩༧༤ ལོར་འཇར་མན་ནས་སློབ་ཡོན་ཞིག་ཐོབ་སྟེ་དེ་ཕྱོགས་སུ་ཕེབས་ཤིང་། བོད་དོན་དང་འབྲེལ་བའི་ལས་རིགས་མང་དག་ཞིག་གི་ནང་ཕྱག་ལས་གནང་པ་དང་། ཕྱི་ལོ་ ༡༩༩༧ ལོའི་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཡོ་རོབ་གསར་འགོད་པའི་ལས་འགན་བཞེས་ཡོད་པ་རེད།
ཁོང་གི་སྐུ་ཟླ་ Ingrid Norbu ལགས་དང་དེ་བཞིན་སུད་ཛར་ལེན་ཌིར་ཞུགས་པའི་ཁོང་གི་གཅེན་མོ་གཉིས་དང་གཅུང་མོ་གཉིས་གཙོས་པའི་ཤུལ་ལུས་ནང་མི་ཡོངས་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་དམིགས་བསལ་བོད་སྐད་སྡེ་ཚན་གྱི་ལས་བྱེད་པ་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་གསོ་ཞུ་རྒྱུ་ཡིན།

སྐལ་ལྡན་བློ་གྲོས་ཀྱིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎