བོད་རྒྱའི་རྩོད་རྙོག་སེལ་ཐབས་དང་འབྲེལ་བའི་ཁྲིམས་འཆར་ལ་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་འདུག

2024.07.12
བོད་རྒྱའི་རྩོད་རྙོག་སེལ་ཐབས་དང་འབྲེལ་བའི་ཁྲིམས་འཆར་ལ་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་འདུག བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་མཚན་རྟགས་བསྐྱོན་པ། ༢༠༢༤།༠༧།༡༢
RFA

ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀ་ནས་གཏན་འབེབས་ཟིན་པའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཨང་ S. 138 ལ་སྲིད་འཛིན་ཇཱོ་སྦཡེ་ཌན་མཆོག་གིས་མཚན་གྱིས་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་མཚན་རྟགས་སྐྱོན་པ་སྲིད་འཛིན་གྱི་ཕོ་བྲང་དཀར་པོས་སྲིད་འཛིན་སྦཡེ་ཌེན་གྱི་མཚན་ཐོག་ནས་གསལ་བསྒྲགས་གནང་འདུག དེའི་ནང་།  སྲིད་འཛིན་སྦཡེ་ཌན་མཆོག་གི་སྐུ་ངོས་ནས་ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་སྤེལ་གཏོང་བའི་ཆོད་སེམས་དང་།  བོད་མིའི་ཆོས་དང་རིག་གཞུང་། ཐུན་མོང་མ་ཡིན་པའི་སྐད་ཡིག་བཅས་པ་སྲུང་སྐྱོབ་བྱ་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་བཀོད་འདུག

ད་དུང་ཨ་རིའི་སྲིད་འཛིན་གྱི་མཚན་ཐོག་ནས་སྤེལ་བའི་གསལ་བསྒྲགས་དེའི་ནང་། ངའི་སྲིད་གཞུང་གི་ངོས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་ཏཱ་ལའི་བླ་མ་མཆོག་དང་ཡང་ན་ཁོང་གི་༧སྐུ་ཚབ་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཐད་ཀར་གྲོས་མོལ་སླར་གསོ་བྱེད་དེ་ཕྱོགས་ཕན་ཚུན་དབར་གྱི་མི་མཐུན་པའི་གནད་དོན་ཁག་ཞི་འགྲིག་ཡོང་ཐབས་བྱེད་དེ་བོད་ཀྱི་གནད་དོན་ཐོག་ཕན་ཚུན་གཉིས་མོས་ཀྱི་གྲོས་མཐུན་ཞིག་འབྱུང་ཐུབ་པ་དགོས་རྒྱུར་སྐུལ་མ་མུ་འཐུད་བྱེད་རྒྱུ་ཡིན་ཞེས་གསུངས་འདུག

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀ་ནས་གཏན་འབེབས་ཟིན་པའི་ཁྲིམས་འཆར་དེར་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་སྐྱོན་པའི་ཉིན་མོ་ནས་བཟུང་ཨ་རིའི་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་ཡིག་ཏུ་གྱུར་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོས་ཁྲིམས་ཡིག་འདི་ནི་རྒྱ་ནག་གིས་བོད་དབང་བསྒྱུར་མ་བྱས་གོང་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཐོབ་པའི་ཡིག་ཆ་ཧ་ཅང་གལ་ཆེ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

འོན་ཀྱང་ཨ་རིའི་སྲིད་འཛིན་ལས་ཁུངས་ནས་སྤེལ་བའི་གསལ་བསྒྲགས་དེའི་ནང་། ཁྲིམས་ཡིག་འདིས་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་བོད་རང་སྐྱོང་ལྗོངས་དང་བོད་མིའི་ས་ཁུལ་ཁག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་པ་ངོས་འཛིན་བྱེད་པའི་རྒྱུན་རིང་གྱི་ལངས་ཕྱོགས་དེར་འགྱུར་བ་མེད་པ་བཀོད་འདུག

བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་འདི་བཞིན་གྲོས་ཚོགས་གོང་མར་ཚིག་བརྗོད་ཁག་ཅིག་ལ་བསྒྱུར་བཅོས་གནང་སྟབས་ ༢༠༢༤ ཟླ་ ༦ ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་འོག་མར་སླར་ཡང་འོས་བསྡུ་གནང་སྟེ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གྲངས་ ༣༩༡ ཀྱིས་རྒྱབ་སྐྱོར་གནང་པ་དང་། འཐུས་མི་གྲངས་ ༢༦ གིས་དགག་བྱ་གནང་བ། འཐུས་མི་ ༡༤ ཡིས་འོས་མ་བླུགས་པ་བཅས་འོས་ཤོག་གི་གྲུབ་འབྲས་སུ་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེར་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པའི་ཐོག་ནས་གཏན་འབེབས་བྱུང་ཡོད་པ་རེད།

ཨ་རིའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་དེ་དང་འབྲེལ་ནས་ཕྱི་ཟླ་ ༦ ཚེས་ ༡༣ ཉིན་ཨ་རིའི་རྒྱལ་སར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འདྲི་རྩད་སྐབས་མགྲིན་ཚབ་པ་ལིའུ་པང་ཡུ་ (Liu Peng Yu) ཡིས་ལན་འདེབས་བྱས་པའི་ནང་། བོད་ཀྱི་གནད་དོན་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཡིན་སྟབས། དེར་ཕྱིའི་རྒྱལ་ཁབ་སུ་ཞིག་དང་སྟོབས་ཤུགས་གང་གིས་ཀྱང་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་དབང་མེད་ལུགས་བརྗོད་ཡོད་པར་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་རྒྱ་ནག་ནས་ཁ་བྲལ་གཏོང་གནང་མཁན་ཞིག་ཡིན་ལུགས་སྐྱོན་བརྗོད་ཞུས་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཟུར་པ་ལྕམ་ནན་སེ་པེ་ལོ་སི་མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡེ་ཀལ་མེཀཽལ་ (Michael McCaul) མཆོག   གྲོས་ཚོགས་འཐུས་མི་འཇིམ་མེཀ་གྷོཝརཎ་ (Jim McGovern) མཆོག གྲོས་ཚོགས་འཐུས་མི་ཇེཧྥ་མེརཀ་ལཱི (Jeff Merkley) མཆོག གྲོས་ཚོགས་འཐུས་མི་ ཊོཌ་ཡངྒ།(Todd Young) མཆོག་བཅས་ཀྱིས་སྣེ་ཁྲིད་གནང་སྟེ་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་རྒྱབ་སྐྱོར་ཐོབ་རྗེས། ཚང་འཛོམས་གྲོས་ཚོགས་ནས་བགྲོ་གླེང་དང་བཅས་མཐར་ ༢༠༢༤ ཕྱི་ཟླ་ ༢ ཚེས་ ༡༣ ཉིན་གྲོས་ཚོགས་ཀྱི་འཐུས་མི་ ༣༩༢ ཀྱིས་རྒྱབ་སྐྱོར་གནང་སྟེ་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད། ཡང་གྲོས་ཚོགས་གོང་མའི་ནང་ ༢༠༢༤ ཕྱི་ཟླ་ ༥ ཚེས་ ༢༣ ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད།

ཁྲིམས་ཡིག་འདི་འདོན་སྤེལ་གནང་མཁན་གྲོས་ཚོཊ་འཐུས་མིའི་དགོངས་ཚུལ།

ཨ་རིའི་མེ་སེ་ཆུ་སེཊསི་ནས་ཡིན་པའི་གྲོས་ཚོགས་འོག་མའི་འཐུས་མི་འཇིམ་མེཀ་གྷོཝརཎ་ (Jim McGovern) མཆོག་ནི་རྟག་ཏུ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་བོད་དོན་དང་འབྲེལ་བའི་ཁྲིམས་ཡིག་དང་གྲོས་ཆོད་ཚར་མར་རྒྱབ་སྐྱོར་གནང་མཁན་ཡིན་ཞིང་།  ཁོང་གིས་ད་རེས་སྲིད་འཛིན་གྱིས་བོད་དོན་ཁྲིམས་ཡིག་གཏན་འབེབས་ཀྱི་མཚན་རྟགས་སྐྱོན་པར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་པ་གསུངས་ཤིང་།  ཨ་མི་རི་ཀས་ད་རེས་སླར་ཡང་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཚུད་པའི་ཐོབ་ཐང་ཁག་གི་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་འདི་ངེས་ཏན་བཟོས་པ་ཞིག་རེད་ཅེས་གསལ་བསྒྲགས་གནང་འདུག་ཅིང་།  ཁོང་གིས་ད་དུང་།  ད་རེས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་པ་འདི་བརྒྱུད་བོད་རྒྱ་གཉིས་ཀྱི་དབར་རྒྱུན་རིང་ནས་ལྷག་ཡོད་པའི་བོད་ཀྱི་རང་སྐྱོང་དང་འཛིན་སྐྱོང་གནང་ཕྱོགས་ཐད་ཀྱི་གནས་བབ་ཐད་རྩོད་རྙོག་འདི་ཨ་རིའི་སྲིད་བྱུས་གཞིར་བཟུང་སེལ་ཐུབ་ཆེད་གྲོས་མོལ་བསྐྱར་མཐུད་བྱེད་རྒྱུར་རེ་བ་ཡོད་པ་དང་།  བོད་མི་ཚོས་འདོད་མོས་ཡོད་པ་བཞིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་གྲོས་མོལ་གྱི་ལྕོག་རྩེའི་སྟེང་ཡོང་དགོས་པ་རེད་ཅེས་བརྗོད་འདུག

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇེཧྥ་མེརཀ་ལཱི (Jeff Merkley) མཆོག་གིས། མི་ཚང་མར་ཞི་བདེའི་འཚོ་བ་བསྐྱེལ་འདོད་དང་རང་ཉིད་ཀྱི་མ་འོངས་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་ཡོད་དགོས་ཀྱང་། འདས་པའི་ལོ་ངོ་ ༧༠ ལྷག་གི་རིང་བོད་མི་ཚོར་དེ་ལྟ་བུའི་རང་དབང་ཐོབ་མེད་པས། ང་ཚོས་དེར་འགྱུར་བ་གཏོང་ཕྱིར་གོམ་སྟབས་གལ་ཆེན་ཞིག་སྤོས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།

བོད་དོན་ཁྲིམས་འཆར་འདིར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་ ཊོཌ་ཡངྒ།(Todd Young) མཆོག་གིས།  འདས་པའི་ལོ་ངོ་ ༧ གྱི་རིང་ཕྱག་འབྲེལ་གོང་མའི་འཐུས་མི་ཇེཧྥ་མེརཀ་ལཱི (Jeff Merkley) མཆོག་དང་ལྷན་བོད་རྒྱའི་རྩོད་རྙོག་སེལ་ཐབས་སུ་ཞི་བའི་འགྲིག་འཇགས་ཡོང་བར་སྐུལ་མ་གཏོང་རྒྱུར་མཉམ་ལས་བྱས་པ་ཡིན་ཞེས་དང་།  འདིའི་ཐོག་ལ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ངལ་བ་ཁྱད་བསད་ཀྱིས་ཁྲིམས་ཡིག་འདིའི་ཆེད་ཞུ་གཏུག་གནང་པར་ཐུགས་རྗེ་ཆེ་ཞེས་གསུངས་འདུག་ལ།  སྣེ་མང་རིང་ལུགས་དང་།  ཆོས་དད་རང་དབང་།  རང་ཐག་རང་གཅོད་བཅས་ཀྱི་ཆེད་ཕྱག་ལས་གནང་སྟེ་བོད་དང་བོད་མིའི་མ་འོངས་མདུན་ལམ་བརྟན་པོ་དང་སྲུང་ཆ་ཡོད་པ་ཞིག་བཟོ་ཐབས་གནང་པ་ནི་ཤིན་ཏུ་གནད་འགག་ཆེན་པོ་རེད་ཅེས་གསུངས་འདུག

ཉེ་ལམ་བཞུགས་སྒར་རྡ་རམ་ས་ལར་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་སྣེ་ཁྲིད་གནང་སྟེ་ཕེབས་མཁན་ཨ་རིའི་གྲོས་ཚོགས་འོག་མིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡེ་ཀལ་མེཀཽལ་ (Michael McCaul) མཆོག་གིས།  བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེའི་བརྒྱུད། ཨ་རིའི་གཞུང་གིས་བོད་ལ་ཐུན་མོང་མ་ཡིན་པའི་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་ཅིག་ཡོད་ལ། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཞིག་ཡོད་པ་ངོས་འཛིན་གནང་གི་ཡོད་པ་གསུངས་ཤིང་། རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་ལ་འཁྱོག་བཤད་བྱེད་བཞིན་པར་ཨ་རིའི་ཕྱི་སྲིད་ལས་ཁུངས་ངོས་ནས་གདོང་ལེན་གནང་རྒྱུར་ནུས་པ་ཆེ་རུ་བཏང་པ་རེད་ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་པ།

ཨ་རིའི་སྲིད་འཛིན་མཆོག་གིས་ཁྲིམས་འཆར་འདིར་མཚན་རྟགས་སྐྱོན་པར། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཁྲིམས་འཆར་དེའི་བརྒྱུད་རྒྱ་ནག་གཞུང་གིས་ད་བར་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཀྱི་གནས་བབ་ལ་འཁྱོག་བཤད་བྱེད་བཞིན་པ་གསལ་སྟོན་གནང་པ་དང་སྦྲགས། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་མ་ཟད། གྲོས་མོལ་གྱི་ལམ་ནས་བོད་རྒྱའི་གནད་དོན་སེལ་དགོས་པ་སོགས་ལ་ཨ་རིའི་གཞུང་ངོས་ནས་རྒྱབ་སྐྱོར་བསྐྱར་ནན་གནང་པ་ཞིག་ཆགས་ཡོད་པ་གསུངས་བྱུང་།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གསལ་བསྒྲགས།

བོད་དོན་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་འདིས་རྒྱ་ནག་གིས་བོད་མིའི་ཐོག་ཆེས་སྡུག་རྩུབ་བྱེད་བཞིན་པའི་བྱ་སྤྱོད་ལྟ་བ་འདིར་ལན་འདེབས་ཤིག་ཡིན་པ་དང་།  བོད་མི་ཚོར་རེ་བའི་བསྒྲགས་གཏམ་ཞིག་ཡིན་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་གསལ་བསྒྲགས་སྤེལ་འདུག

གསར་འགོད་པ།  བཀྲིས་དབང་ཕྱུག་དང་།  བསྟན་འཛིན་པདྨ།  འཕྲིན་ལས་ཆོས་སྒྲོན། བདེ་སྐྱིད་ཀུན་སྒྲོལ།

ཁ་སྣོན་གསར་འགོད།  རྡོ་རྗེ་དགྲ་འདུལ།

རྩོམ་སྒྲིག་པ།  སྐལ་ལྡན་བློ་གྲོས།

དྲྭ་ཐོག་སྤེལ་མཁན།  བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

མཆན།

ཚེ་དཔག་རིག་འཛིན། trigzin@emory.edu
Jul 13, 2024 04:39 AM

མཛང་བཟང་གཏམ་བཟང་འདི་ལ་ནམ་ཡང་དགའ་བསུ་ཡོད། ཆབ་སྲིད་ཀྱི་ལས་དོན་བསྒྲུབས་ཚད་མཐོན་པོ་འདི་ལྟ་བུ་ཞིག་ལ་སླེབས་ཐུབ་པར་ལས་སླ་པོ་ཁྱོན་ནས་མེད། སྲིད་སྐྱོང་མཆོག་གི་དབུས་པའི་སྣེ་མོ་ལས་བྱེད་ཆེ་ཕྲ་ཆུང་གསུམ་དང་། ཕྱི་ནང་མི་དམངས་ལྷག་བསམ་རྣམ་དག་གིས་རམ་འདེགས་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་བཀྲིན་བླ་མེད་དུ་ཆེ་ཆེ་ཆེ་ཞེས་ཞུས་ཡག་ཡིན། འདིས་རྐྱེན་པས་ད་ནས་བཟུང་སླར་ཡང་། རྩ་བའི་ཆ་ནས་རྒྱལ་སྤྱིའི་གདེང་ཆའི་སྒང་ལ་བོད་རྒྱའི་དཀའ་རྙོགས་ཀྱི་ལོ་རྒྱུས་ལ་བལྟ་སྟངས་ཁྱད་པར་ཆེན་པོ་བཟོ་ཐུབ་པའི་རེ་བ་ཡོད་པ་དང་། གཏམ་གླེང་གསར་འགྱུར་བགྲོ་གླེང་སོགས་ཀྱང་སྣ་ཚོགས་ཤིག་འབྱུང་སྲིད་པའི་རེ་བ་ཡོད་པ་དང་མཐོང་ཐུབ་རྒྱུ་ཡིན་པ་ནི་སྨོས་མེད་རེད། འོན་ཀྱང་། གཙོ་ཆེ་ཤོས་བོད་པས་དཀའ་རྙོགས་བོད་པ་རང་གིས་དངོས་སུ་ལངས་ཕྱོགས་བརྟན་པོས་སེལ་དགོས་པ་ཞིག་ཡིན་དུས། ད་ཆ་འཕྲལ་དུ་ང་ཚོས་བྱེད་ཐུབ་པ་ཞིག་ནི། གོམས་པ་དང་པོ་སྤོ་འདོད་ན། བོད་མི་ཚོས་རང་གི་ཕ་ཡུལ་བོད་དང་བོད་མིའི་རྒྱལ་རབས་ལོ་རྒྱུས་ལ་ཐོས་བསམ་བགྲོ་གླེང་དང་། དཔྱད་གླེང་གི་ལས་རིམ་ཆེ་ཕྲ་སྣ་ཆོགས་ཤིག་གཞུང་སྒེར་གཉིས་ཀས་ཕྱི་ནང་ས་གནས་ས་ཐོག་བོད་མིའི་འདུས་སྡོད་གང་སར་བོད་རྒྱའི་རྒྱལ་རབས་ལོ་རྒྱུས་ཀྱི་གོ་རྟོགས་འཕེལ་བའི་ལས་རིམ་ཚ་ཚ་འུར་འུར་ངང་སྤེལ་གནང་ཐུབ་ན་འཕྲལ་ཕུགས་གཉིས་ཀར་ཧ་ཅང་དགེ་མཚན་ཆེན་པོ་ཡོད། ད་ཤུགས་རྒྱོབས་དང་། སྒོར་གཞས་ཉུང་ཙམ་བྱས། འདི་ནས་དུས་ཚོད་ཆ་ཤས་ཤིག་ཟུར་འཇོག་བྱས་ན་ལས་རིམ་གསར་པ་འདི་གནང་མི་ཐུབ་པ་མེད། འདིས་གཞོ་སྐྱེས་ཚོའི་སེམས་ཁམས་ནང་། ངོ་མ་བོད་ཞེན་རིགས་ཞེན་རྒྱལ་ཞེན་ཞིག་གི་བག་ཆགས་བསྲ་བརྟན་བཟོ་ཐུབ་པ་ཞིག་ཡོང་རྒྱུ་གདོན་མི་ཟ་བ་རེད། ངས་རྨོངས་འཆར་རྣམ་དག་ཙམ་ཞིག་འབུལ་བ་ཡིན་ལགས།།