སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་གིས་ཧྥ་རན་སིའི་བོད་ཀྱི་རོགས་སྐྱོར་ཚོགས་པའི་འབྲེལ་ཡོད་དང་མཇལ་མོལ།
སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཧྥ་རན་སིར་ཡོད་པའི་བོད་ཀྱི་རོགས་སྐྱོར་ཚོགས་པ་(AET)་ལས་ཁུངས་སུ་ཆེད་བཅར་གནང་ནས་རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་མི་འབོར་གནས་སྟངས་ཐད་བགྲོ་གླེང་གནང་འདུག
- 2022-05-04
-
-
-
Your browser doesn’t support HTML5 audio
སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་འདི་ཚེས་༣ཉིན་ཧྥ་རན་སིར་ཡོད་པའི་བོད་ཀྱི་རོགས་སྐྱོར་ཚོགས་པ་(AET)་ལས་ཁུངས་སུ་ཆེད་བཅར་གནང་ནས། རོགས་སྐྱོར་ཚོགས་པའི་ཚོགས་གཞོན་ངག་དབང་སྒྲོལ་དཀར་ཚེ་རིང་ལགས་དང་། འཛིན་སྐྱོང་འགན་འཛིན་བསྟན་རྣམ་ལགས། དངུལ་གཉེར་སྐུ་ཞབས་(Gerges Bordet)་ལགས་བཅས་དང་མཇལ་འཕྲད་གནང་བ་དང་། སྐབས་དེར་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་རྣམ་རྒྱལ་བསམ་གྲུབ་ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་གསུངས་བྱུང་། ཁོང་གིས་ད་དུང་། ཧྥ་རན་སིར་ཡོད་པའི་བོད་ཀྱི་རོགས་སྐྱོར་ཚོགས་པ་(AET)་དེ་བཞིན་ཤེས་ཡོན་དང་འབྲེལ་བའི་རོགས་རམ་ཚོགས་པ་རྙིང་གྲས་ཞིག་ཡིན་པ་དང་། ད་ལོ་ཚོགས་པ་དེ་བཙུགས་ནས་ལོ་༤༠འཁོར་བཞིན་ཡོད་པས། འདས་བའི་ལོ་ངོ་༤༠རིང་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་བྱུང་བ་དང་། རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཚོར་ཕྱོགས་གང་ཐད་ནས་རོགས་རམ་གནང་ཡོད་པས་ཐུགས་རྗེ་ཆེ་ཞུས་བ་གསུངས་བྱུང་།
སྐབས་དེར་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་སྦེལ་ཇམ་བོད་ཀྱི་རོགས་སྐྱོར་ཚོགས་པའི་ངོས་ནས་འདས་པའི་ལོ་བཞི་བཅུ་ལྷག་གི་རིང་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་རྣམས་ཀྱི་བདེ་དོན་ཆེད་སྐུ་ངལ་ཚད་མེད་བསྐྱོན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཁོང་རྣམ་པས་ད་སྐབས་རྒྱ་བལ་འབྲུག་གསུམ་ནང་གནས་བཞུགས་བཙན་བྱོལ་བོད་མིའི་མི་འབོར་ལ་འགྱུར་བ་འགྲོ་བཞིན་ཡོད་པའི་ཐད་བགྲོ་གླེང་གནང་བ་དང་། རོགས་སྐྱོར་ཚོགས་པའི་ངོས་ནས་སླད་ཕྱིན་ལས་འཆར་སྒྲིག་གནང་སྐབས་གནས་སྟངས་དེ་ཚོའི་ཐོག་ལ་ཐུགས་བཞེས་གནང་དགོས་པའི་དགོངས་ཚུལ་ཡང་གླེང་གནང་ཡོད་འདུག
གཞན་དོན་གཅོད་ཁང་ནས་ཉེ་ལམ་གསར་དུ་པར་བསྐྲུན་གནང་བའི་བོད་དོན་ཉམས་ཞིབ་ཀྱི་དཔྱད་གཞིའི་ཡིག་ཆར་ཕན་པའི་དཔེ་དེབ་ཁག་ཅིག་ཡོད་པ་ངོ་སྤྲོད་དང་འགྲེམས་སྤེལ་ཆེད་ཕུལ་ཡོད་འདུག
ཧྥ་རན་སིར་(AET)་རོགས་སྐྱོར་ཚོགས་པ་དེས་ད་བར་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མི་གནས་ཡུལ་ས་གནས་ཁག་ཏུ་ལས་གཞི་མང་པོ་ཞིག་གི་ཐོག་མཐུན་འགྱུར་རོགས་རམ་གནང་གི་ཡོད་པ་མ་ཟད། འདས་པའི་ལོ་ངོ་བཞི་བཅུའི་རིང་ལོ་ལྟར་བོད་ཕྲུག་དང་། རྒན་ཁོག་མི་གྲངས་༢༠༠༠ནས་༣༠༠༠བར་ལ་འཚོ་བར་རོགས་རམ་འགན་འཁུར་ཡང་གནང་བཞིན་ཡོད་པ་རེད།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།