ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) གིས་ཨ་རིའི་མ་དངུལ་སླར་གསོ་ཡོང་ཆེད་ཁྲིམས་གཏུག་བྱས་འདུག

2025.03.27
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) གིས་ཨ་རིའི་མ་དངུལ་སླར་གསོ་ཡོང་ཆེད་ཁྲིམས་གཏུག་བྱས་འདུག ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་ཌི་སིར་ཡོད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དབུས་ལས་ཁུངས། ༢༠༢༥།༠༣།༡༨ ཉིན།
(Gemunu Amarasinghe/RFA)

**འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་དབྱིན་ཡིག་ནང་ཀློག་ཐུབ།

ཟླ་ ༣ ཚེས་ ༢༧ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (Radio Free Asia) གིས་ཨ་རིའི་སྲིད་གཞུང་གིས་གློ་བུར་དུ་མཚམས་འཇོག་བྱས་པའི་མ་དངུལ་སླར་གསོ་ཡོང་ཆེད་ཁྲིམས་གཏུག་བྱས་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནི་ཨ་རིའི་གྲོས་ཚོགས་ཀྱིས་ཆེད་འཛུགས་བྱས་པ་ཞིག་ཡིན་པས། དེར་ཨ་རིའི་གཞུང་འཛིན་གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མ་དངུལ་མཁོ་སྤྲོད་མཚམས་འཇོག་བྱས་པ་ནི་ཨ་རིའི་རྩ་ཁྲིམས་དགོངས་དོན་བཞིན། ཨ་རིའི་གྲོས་ཚོགས་ལ་རྒྱལ་ཁབ་ཀྱི་འགྲོ་གྲོན་ཐད་ལ་དབང་ཆ་ཆ་ཚང་ཡོད་ཅེས་པ་དེ་ལས་བརྒལ་ཡོད་པ་རེད་ཅེས་པའི་ནང་དོན་འོག ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (United States Agency for Global Media, or USAGM) ལ་ཨ་རིའི་ཀོ་ལམ་བྷི་ཡ་རྫོང་གི་ཁྲིམས་ཁང་ (US District Court for the District of Columbia) ལ་ཁྲིམས་གཏུག་བྱས་འདུག

20-rfa-radio-free-asia.jpg

ཁྲིམས་ཀྱི་ཞུ་གཏུག་དེ་ཁྲིམས་དོན་ལས་ཁུངས་ Munger, Tolles & Olson LLP དང་ Democracy Forward བཅས་ཐུན་མོང་གིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ངོ་ཚབ་བྱས་ཏེ་ཉེ་ལམ་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) གིས་ཨ་རིའི་གྲོས་ཚོགས་ཀྱིས་ཨེ་ཤེ་ཡའི་ནང་གཉའ་གནོན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་ཆེད་དུ་གསར་བཙུགས་བྱས་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མ་དངུལ་མཁོ་སྤྲོད་མཚམས་འཇོག་བྱས་པ་དེར་ངོ་རྒོལ་གྱིས་ཁྲིམས་གཏུགས་བྱས་ཡོད་པ་རེད་ལ། ཐེངས་འདིའི་ཁྲིམས་གཏུག་དེ་བཞིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཞིག་གིས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) ལ་ཁྲིམས་གཏུག་བྱས་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད་འདུག

བདུན་ཕྲག་སྔ་མའི་ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་སྒོ་རྒྱག་སྲིད་པའི་གནས་ཚུལ་ཐོན་པར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་དགའ་བསུ་བསྟུད་མར་ཞུ་བཞིན་ཡོད་ཅིང་། རྒྱ་ནག་དམར་ཤོག་ཚོགས་པས་ཚོད་འཛིན་བྱེད་པའི་དཔེ་སྐྲུན་ཁང་ཞིག་གི་གསར་འགོད་པས་དེ་ནི་“གནས་ཚུལ་ཧ་ཅང་ཡག་པོ་ཞིག་རེད་”ཅེས་བརྗོད་ཡོད་པ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གཙོ་འཛིན་ (Bay Fang) གིས་དེ་འབྲེལ་གསར་འགོད་གསལ་བསྒྲགས་སྐབས། ཐེངས་འདིར་ཨ་རིའི་སྲིད་གཞུང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མ་དངུལ་མཚམས་འཇོག་བྱས་པ་དེ་ནི་ “ཁྲིམས་དང་མི་མཐུན་པ་” ཞིག་རེད་ཅེས་གསུངས་ཡོད་པ་རེད་ལ། ཁོང་གིས་མུ་མཐུད།  “ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནི་ཨ་རིའི་གྲོས་ཚོགས་ཀྱི་བཀའ་དགོངས་གཞིར་བཟུང་། རྒྱ་ནག་དམར་ཤོག་ཚོགས་པ་ (Chinese Communist Party) དང་དབང་འཛིན་སྒེར་གཅོད་རིང་ལུགས་ཀྱི་གཞུང་གིས་སྤེལ་བཞིན་པའི་སྲིད་བྱུས་དང་དྲིལ་བསྒྲགས་ལ་ཁ་གཏད་གཅོག་མཁན་ཞིག་ཡིན་པས་ང་ཚོས་མུ་མཐུད་གནད་དོན་དེའི་ཐད་འབད་བརྩོན་བྱེད་བཞིན་ཡོད་” ཅེས་གསུངས་ཡོད།

མ་ཟད་ཁོང་གིས། “ད་ཆ་རྒྱ་ནག་དམར་ཤོག་ཚོགས་པ་དང་དབང་འཛིན་སྒེར་གཅོད་རིང་ལུགས་ཀྱི་འགོ་ཁྲིད་རྣམས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཚམས་འཇོག་སྐོར་གྱི་གནས་ཚུལ་ཤེས་རྟོགས་བྱུང་བར། དགའ་སྤྲོ་བྱེད་བཞིན་ཡོད་ཀྱང་། ང་ཚོར་ཁྲིམས་མཐུན་མིན་པའི་ཐོག་ནས་མ་དངུལ་མཚམས་འཇོག་བྱས་པ་དེར་རྒོལ་ལན་བསློག་ཐུབ་ཅིང་རྣམ་པར་རྒྱལ་བའི་ཡིད་ཆེས་ཡོད་” ཅེས་གསུངས་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁྲིམས་གཞིའི་རྩོད་གཞིའི་ཁོངས། ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་དང་ (USAGM) གྱི་དམིགས་བསལ་སློབ་སྟོན་པ་ཀེ་རི་ལེཀ་ (Kari Lake) དང་ (USAGM) ཀྱི་སྤྱི་ཁྱབ་འགན་འཛིན་གྱི་ལས་ཚབ་ (Victor Morales)། ཨ་རིའི་འཛིན་སྐྱོང་དང་སྔོན་རྩིས། དེ་བཞིན་ཨ་རིའི་དངུལ་རྩིས་དྲུང་ཆེ་ (Russell Vought) དང་། ཨ་རིའི་གཞུང་གི་འཛིན་སྐྱོང་དང་རྩིས་ཞིབ་དྲུང་ཆེ་ (Scott Bessent) བཅས་སྐྱོན་བརྗོད་བྱ་ཡུལ་དུ་བཀོད་ཡོད་པ་རེད།

WhatsApp Image 2025-03-28 at 3.35.28 AM.jpeg
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རྡོ་རྗེ་དགྲ་འདུལ་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་གཉིས་ནས་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་ཌི་སིར་ཡོད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྒྲ་འཇུག་ཁང་དུ་ཐད་གཏོང་གི་ལེ་ཚན་གནང་བཞིན་པ། ༢༠༢༤།༡༡།༠༥ ཉིན། (Tenzin Pema/RFA)

འདི་ཚེས་ ༡༥ ཉིན་ཨ་རིའི་གཞུང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཚམས་འཇོག་གི་གནས་ཚུལ་ཕྱིར་བསྒྲགས་བྱུང་བ་ལས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིར་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མི་གྲངས་ ༣༠༠ ལྷག་ཡོད་པ་ནས་བརྒྱ་ཆ་ ༧༥ ཙམ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད་པ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གཙོས་པའི་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) ཁོངས་ཀྱི་བརྒྱུད་ལམ་ཁག་གཅིག་གི་མ་དངུལ་མཚམས་འཇོག་གི་ཐག་གཅོད་དེ་བཞིན། ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) སྲིད་གཞུང་གིས་བཅའ་ཁྲིམས་དགོངས་དོན་བཞིན་གསར་འཛུགས་བྱས་མེད་པའི་སྡེ་ཚན་རྣམས་ཉུང་དུ་གཏོང་དགོས་པའི་བཀའ་རྒྱ་ཕེབས་པ་ལས་བྱུང་ཡོད་ཅིང་། གནད་དོན་དེ་འབྲེལ་ (USAGM) གྱི་དམིགས་བསལ་སློབ་སྟོན་པ་ཀེ་རི་ལེཀ་ (Kari Lake) ཡིས་སྤྱི་ཚོགས་དྲྭ་ལམ་དུ། ལས་ཁུངས་དེ་ནི་བཅོས་ཐབས་མེད་པ་ཞིག་རེད་འདུག་པས་ལག་བསྟར་དགོས་གལ་ཆེ་ཞེས་ཐེངས་མང་སྤེལ་ཡོད་པ་རེད།

གསར་འགོད་པ་ཚོ་ ‘བཙོན་འཇུག་གི་ཉེན་ཁའི་ནང་ཡོད།'

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) ནི་ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་ཡིག་གཞིར་བཟུང་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། རླུང་འཕྲིན་ཁང་དེར་ཕྱི་ལོ་ ༡༩༨༩ དྲུག་བཞི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་ (Tiananmen Square Massacre) རྗེས། ༡༩༩༦ ལོར་འགོ་བཙུགས་པ་ནས་བཟུང་ད་བར་སྲིད་དོན་ཚོགས་པ་གཉིས་ཀའི་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད།

འདིས་ཨ་ཤེ་ཡའི་ནང་གསར་འགྱུར་རང་དབང་ཧ་ལམ་མེད་པའི་རྒྱལ་ཁབ་དང་ས་ཁུལ་ཁག་སྟེ། བྱང་ཀོ་རི་ཡ། (North Korea) རྒྱ་ནག། (China) མ་ཡན་མར། (Myanmar) ཝི་ཏི་ནམ་ (Vietnam) སོགས་སུ་སྐད་རིགས་དགུའི་ནང་རླུང་འཕྲིན། བརྙན་འཕྲིན། དེ་བཞིན་དྲ་རྒྱའི་བརྒྱུད་ལམ་བཅས་བརྒྱུད་གསར་འགྱུར་སྤེལ་ནས་མི་ས་ཡ་མང་པོར་རང་དབང་ཅན་གྱི་གསར་འགྱུར་དང་གནས་ཚུལ་འགྲེམས་སྤེལ་བྱེད་བཞིན་ཡོད།

WhatsApp Image 2025-03-28 at 3.35.28 AM-2.jpeg
ཝ་ཤིན་ཊོན་དུ་ཡོད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་བཟོ་སྐྲུན་ཁང་། ༢༠༢༥།༠༣།༢༤ ཉིན།(Charlie Dharapak/RFA)

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁྲིམས་གཏུག་ཡིག་ཆ་དེའི་ནང་འཁོད་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་རྩ་མེད་གཏོང་བ། ཡུ་གུར་ (Uyghur) མི་རིགས་ལ་དྲག་གནོན། རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ (Covid-19) ཁྱབ་འཕེལ་སྐབས་འདས་གྲོངས་སུ་ཕྱིན་པའི་གྲངས་ཐོར་སྦ་གསང་བྱས་པ། འབར་མའི་ (Myanmar) ནང་ནང་འཁྲུགས་སོགས་གནད་དོན་ཁག་གཅིག་གསལ་སྟོན་གྱིས། ཐེངས་འདིར་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) ཀྱིས་མ་དངུལ་བཀག་འགོག་བྱས་པ་དེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་འགུལ་དངོས་སུ་མཚམས་འཇོག་བྱས་ཡོད་ཅེས་བཀོད་ཡོད་པ་རེད་ལ། ཁྲིམས་གཏུག་དེའི་ནང་རླུང་འཕྲིན་ཁང་གི་མ་དངུལ་མཚམས་འཇོག་བྱས་པ་དེས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩ་ཁྲིམས་ཀྱི་དགོངས་དོན་བཞིན་ལས་ཀ་དངོས་སུ་འགོག་པར་ཤུགས་རྐྱེན་སྤྲད་ཡོད་པ་མ་ཟད་མ་དངུལ་མཚམས་འཇོག་བྱ་རྒྱུར་ USAGM གྱི་བྱ་སྤྱོད་བརྒྱུད་ "RFA ཡི་ལས་འགུལ་ཚོ་ད་ལྟ་ནས་དོན་དངོས་སུ་སྒོ་རྒྱག་ཟིན་པས་ཁྲིམས་ལུགས་ཀྱི་དམིགས་ཡུལ་བསྒྲུབ་རྒྱུ་ཧ་ལམ་མི་སྲིད་པ་ཆགས་ཡོད།" ཅེས་འདོད་ཀྱི་ཡོད།

“ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མང་ཆེ་བས། རང་དབང་ཞན་པའི་རྒྱལ་ཁབ་ཁག་ཏུ་ཁུངས་ལྡན་དང་ཕྱོགས་ལྷུང་མེད་པའི་གསར་འགྱུར་བཀོད་ཆེད་དུ། ཐ་ན་རང་གི་སྲོག་ཚུན་ཆད་བློས་གཏོང་བྱེད་ཀྱི་ཡོད་པས།—གལ་ཏེ་ RFA ཡི་རྒྱབ་སྐྱོར་དང་སྲུང་སྐྱོབ་ཤོར་ཚེ།དེའི་འབྲས་བུར་ཁོ་ཚོ་བཙོན་འཇུག་དང་ལུས་ཐོག་གནོད་འཚེའི་ཉེན་ཁ་ཆེ་རུ་འགྲོ་ངེས་ཡིན།” ཞེས་ཁྲིམས་ཡིག་དེའི་ནང་བཀོད་ཡོད་པ་རེད།

ཁྲིམས་གཞིའི་ནང་དོན་དུ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ངོས་ནས་ལས་བྱེད་ ༢༠༠ ལས་མང་བའམ། བརྒྱ་ཆ་༧༥ ཕོགས་མེད་ལས་མཚམས་བཞག་ཡོད་ཅིང་། ཆོད་གན་ལས་བྱེད་བརྒྱ་ཆ་ ༩༣ ནས་ལས་ཡུན་མཚམས་འཇོག་ཟིན་པ་བཀོད་ཡོད། 

དེ་བཞིན་ཨ་རི་ནང་ལས་ཀའི་ཐོང་མཆན་ཡོད་པའི་གསར་འགོད་པ་བཅུ་ཕྲག་འགའ་གླ་མེད་གུང་སེང་དང་ལས་ཀ་ནས་ཕུད་པ། བཙན་བཤད་ཀྱིས་རང་གི་རྒྱལ་ཁབ་ཏུ་ཕྱིར་ལོག་བཅུག་སྲིད་ལ། འགའ་ཞིག་ལ་གསར་འགོད་པའི་ལས་དོན་རྐྱེན་གྱིས་འཕྲལ་མར་བཙོན་འཇུག་དང་ཁྲིམས་ཐག་བཅད་པ་སོགས་བྱེད་སྲིད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) གཙོ་བོ་གྱུར་བའི་སྡེ་ཚན་གཞན་ཚོས་ཨ་རིའི་གྲོས་ཚོགས་ཀྱིས་རླུང་འཕྲིན་ཁང་འདིར་ཆོག་མཆན་གནང་བའི་མ་དངུལ་བཀག་ཉར་བྱེད་པ་མི་འཇུག་པའི་བཀག་འགོག་བཀའ་རྒྱ་ཞིག་དང་། རོགས་དངུལ་མཚམས་འཇོག་བྱེད་རྒྱུ་ཕྱིར་འཐེན་དགོས་པའི་འབོད་སྐུལ་དང་སྦྲགས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༣༠ བར་གྲོས་ཚོགས་ཀྱིས་ཆོག་མཆན་གནང་བའི་མ་དངུལ་ཨ་སྒོར་ས་ཡ་ ༣༥ ཙམ་ཐོབ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

ཊམཔ་སྲིད་གཞུང་གིས་ཨ་རིའི་གྲོས་ཚོགས་ནས་མ་དངུལ་སྤྲོད་བཞིན་པའི་གསར་འགྱུར་སྡེ་ཚན་ཁག་སྟེ། ཨ་རི་རླུང་འཕྲིན་ཁང་ (VOA) དང་། དེ་བཞིན་་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཡོ་རོབ་རང་དབང་རླུང་འཕྲིན་ཁང་བཅས་ལ་མ་དངུལ་གཅོག་འཕྲི་བྱེད་པའི་ཐབས་ལམ་འདིས་ད་ཆ་ཁྲིམས་གཏུག་མང་པོ་ཞིག་གློ་བུར་དུ་བྱུང་བའི་རྐྱེན་བྱེད་བཞིན་ཡོད་པ་རེད།

འདི་ཚེས་ ༢༥ རེས་གཟའ་མིག་དམར་ཉིན་ཨ་རིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་གྱིས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) ཀྱིས་རང་གི་ཐག་གཅོད་ལ་འགྲེལ་བཤད་འདང་ངེས་ཤིག་བྱས་མེད་པ་དང་། (RFE/RL) ཡིས་ལས་ཁུངས་ཀྱི་ཐག་གཅོད་ལ་འགྲན་རྩོད་བྱེད་བཞིན་པའི་སྐབས་སུ་དེ་དག་སྒོ་རྒྱག་བཅུག་པ་ཡིན་ན་ “གསོ་ཐབས་མེད་པའི་གནོད་སྐྱོན་” ཡོང་སྲིད་པ་རེད་ཅེས་བརྗོད་ཡོད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།











བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎