དབང་ཕྱུག་རབ་བརྟན་བླ་མ་ལགས་ཀྱི་གཟེངས་ཐོན་ཕྱག་ལས་ལ་གཟེངས་རྟགས་ཐོབ་འདུག

བལ་ཡུལ་ནང་གི་སྤྱི་ཚོགས་ཞབས་ཞུ་བ་དབང་ཕྱུག་རབ་བརྟན་བླ་མ་ལགས་ཀྱིས་གྲོང་གསེབ་དབུལ་ཕོངས་ཀྱི་ས་ཁུལ་དུ་འཕྲོད་བསྟེན་ཞབས་འདེགས་ཐད་གཟེངས་ཐོན་གྱི་ཕྱག་ལས་གནང་བར་རྒྱ་གར་དང་སིངྒ་པོར་སོགས་ཀྱི་ཆེ་བསྟོད་གཟེངས་རྟགས་ཐོབ་འདུག

དབང་ཕྱུག་རབ་བརྟན་བླ་མ་ལགས་ཀྱིས་གྲོང་གསེབ་དབུལ་ཕོངས་ཀྱི་ས་ཁུལ་དུ་སྤྱི་ཚོགས་ཞབས་ཞུ་སྒྲུབ་བཞིན་པ། ༼ཟླ་ཚེས་མི་གསལ། མཐུན་འགྱུར་པར་རིས།/RFA

དེ་ཡང་བལ་པོའི་ཡུལ་མི་ནང་པའི་དགེ་འདུན་པ་དབང་ཕྱུག་རབ་བརྟན་བླ་མ་ལགས་ཀྱིས་སྐྱིད་མོ་ལུང་ཐེབས་རྩ་ཁང་གསར་འཛུགས་ཀྱིས་ཚོགས་གཙོའི་ཐུགས་འགན་བཞེས་ཏེ། ཁོ་རང་གི་ཆེད་ལས་དང་འབྲེལ་འདས་པའི་མི་ལོ་མང་པོའི་རིང་། བལ་ཡུལ་གྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲོང་གསེབ་དབུལ་ཕོངས་ཁག་ནང་ཆེད་བསྐྱོད་གནང་སྟེ། ཡུལ་མི་ཉམས་ཐག་ཚོར་སྨན་བཅོས་སོགས་ཀྱི་ཐད་གཟེངས་སུ་ཐོན་པའི་ཕྱག་ལས་གནང་བར། ཉེ་ཆར་ཁོང་ལ་རྒྱ་གར་སྒྱུ་རྩལ་མཐུན་ཚོགས་ཀྱི་གཟེངས་རྟགས་ཐོབ་པ་དང་། དེ་བཞིན་སིངྒ་པོར་གྱི་གཞན་ཕན་དང་འགོ་ཁྲིད་སྤུས་དག་གི་གཟེངས་རྟགས་ཀྱང་ཕུལ་ཡོད་པས། དབང་ཕྱུག་རབ་བརྟན་བླ་མ་ལགས་ནས་ཁོ་རང་གི་རྩ་བའི་བླ་མ་ཁྲ་འགུ་རིན་པོ་ཆེ་མཆོག་གི་ལམ་སྟོན་བཞིན་སྤྱི་ཚོགས་ཞབས་ཞུའི་ལམ་དུ་ཞུགས་པ་དང་། དམིགས་བསལ་ས་གནས་ས་ཐོག་ཏུ་ཁ་ཡོད་ལག་ཡོད་ཀྱི་དཀའ་ངལ་ཅན་ཚོར་ཞབས་འདེགས་སྒྲུབ་པ་ནི། ༧གོང་ས་མཆོག་དང་སོ་སོའི་རྩ་བའི་བླ་མའི་བཀའ་བཞིན་བསྒྲུབས་པར་ངོས་འཛིན་གནང་གི་ཡོད་ཅེས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།


དབང་ཕྱུག་རབ་བརྟན་བླ་མ་ལགས་སུ་གཟེངས་རྟགས་ཕུལ་བའི་རྒྱ་གར་གྱི་སྒྱུ་རྩལ་མཐུན་ཚོགས་ནི། རྒྱ་གར་ཨུ་ཏར་པྲ་དེ་ཤ་མངའ་སྡེའི་ནང་བཙུགས་ཏེ་སྤྱི་ལོ་༡༩༩༣ལོ་ནས་གླུ་གཞས་ཞབས་བྲོ་དང་དཔེ་གསར་ཤོམ་པ་བ། སྤྱི་ཚོགས་ཞབས་ཞུ་དང་དཔལ་འབྱོར་ཡར་རྒྱས་སོགས་ཀྱི་ཆེད་གཟེངས་ཐོན་གྱི་བྱས་རྗེས་ཅན་ཚོར་གཟེངས་རྟགས་ཕུལ་སྲོལ་གཏོད་ཡོད་ཅིང་། བལ་ཡུལ་གྱི་ཆེ་ཁམ་པར་གྲོང་གསེབ་ཏུ་སྐྱེས་པའི་དབང་ཕྱུག་རབ་བརྟན་བླ་མ་ལགས་ཁྲ་འགུ་རིན་པོ་ཆེའི་དགོན་པར་ནང་བའི་ཆོས་སྒོར་ཞུགས་ཏེ་སློབ་གཉེར་གནང་བ་དང་ཆབས་ཅིག དེང་དུས་སྨན་སློབ་ཏུ་ཛ་དྲག་མྱུར་སྐྱོབ་ཀྱི་སྨན་བཅོས་གནང་སྟངས་ཐད་སློབ་སྦྱོང་ཐོན་ཡོད་པས། ཁྲ་འགུ་རིན་པོ་ཆེས་གཞན་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་སྒྲུབ་དགོས་པའི་ལམ་སྟོན་སྙིང་བཅངས་གནང་སྟེ། བལ་ཡུལ་གྱི་གྲོང་གསེབ་དབུལ་ཕོངས་ཁག་ཏུ་མི་འབོར་ཉམ་ཐག་ཁྲི་དགུ་ཙམ་ལ་སྨན་བཅོས་མཐུན་རྐྱེན་བསྐྲུན་ཡོད་པ་ནི། ཁེ་ཕན་དང་འགྲན་བསྡུར་སོགས་ལ་ལྟོས་མེད་ཀྱིས་གཞན་ཕན་ཁོ་ན་ལ་དམིགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་བལ་ཡུལ་ནང་གི་དཔལ་ཁྲ་འགུ་བཀྲ་ཤིས་གླིང་གཏན་ཉིན་སློབ་གྲྭར་ལོ་བཅུ་རིང་སྨན་བཅོས་ཀྱི་ཞབས་ཞུ་གནང་བ་དང་། སྟག་མོ་ལུས་སྦྱིན་ཁྲ་འགུ་ཕན་བདེ་སྨན་ཁང་དུ་ལོ་བཞིའི་རིང་ཞབས་འདེགས་ཞུས་པ་དང་འབྲེལ། སོ་སོའི་ཚོགས་པ་ཟུར་དུ་བཙུགས་ནས་འཕྲོད་བསྟེན་དང་ཤེས་ཡོན། ཁོར་ཡུག་གི་ཐོག་ལས་དོན་གནང་གི་ཡོད་པ་དང་། དེ་སྔོན་བལ་བོའི་སྲིད་འཛིན་གྱི་མཚན་ཐོག་ནས་ཀྱང་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་ཤིག་ཐོབ་པ་དང་། སིངྒ་པོར་གྱི་གཞན་ཕན་དང་འགོ་ཁྲིད་སྤུས་དག་གི་གཟེངས་རྟགས་བཅས་རག་ཡོད་ནའང་། སོ་སོ་ལ་སྤོབས་པ་དམིགས་བསལ་ཅི་ཡང་མེད་དེ། སྤྱི་ཚོགས་ཞབས་ཞུའི་ཐོག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གཞོན་སྐྱེས་ཚོར་མིག་དཔེ་དང་སེམས་ཤུགས་འཕེལ་བའི་རེ་བ་བྱེད་བ་ཞིན་འདུག
སྐྱིད་མོ་ལུང་ཐེབས་རྩ་ཁང་ནི། བལ་ཡུལ་ནང་གཞི་རྩའི་ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན་ལྟ་སྐྱོང་། ས་འགུལ་དང་ཆུ་ལོག ཐན་པ་སོགས་རང་བྱུང་གི་གནོད་འཚེ་ཕོག་ཡུལ་དུ་ཟས་གོས་གནས་མལ་གྱི་མཐུན་རྐྱེན་བསྐྲུན་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་སྤེལ་བ། ཆོས་ཀྱི་བསླབ་བྱ་སེམས་བཟང་པོ་དང་ཕན་ཚུན་འཆམ་མཐུན་ཡོང་བའི་ལམ་སྟོན་གནང་རྒྱུ་བཅས་ལ་དམིགས་ནས་ཆེད་བཙུགས་གནང་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org