གཞན་ཕན་དང་སྙིང་རྗེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་ར་སྤྲོད་བྱུང་འདུག
2017.02.18

༄༅། །ཨ་མི་རི་ཀའི་རོ་ཆེསི་ཀྲར་མཐོ་རིམ་སློབ་གྲྭའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཞན་ཕན་དང་སྙིང་རྗེས་རང་ཉིད་ཀྱི་བདེ་དོན་གྲུབ་རྒྱུར་ཕན་ཐོགས་ཡོད་པ་བཀའ་གནང་པའི་གནད་དོན་ལ་ཚོད་བལྟའི་ཞིབ་འཇུག་ཞིག་བྱས་འདུག་པར། དེ་ནི་དོན་དངོས་ཕན་ཐོགས་ཡོད་པ་དངོས་ར་འཕྲོད་པ་བྱུང་ཡོད་འདུག།
དེ་ཡང་རོ་ཆེསི་ཀྲར་མཐོ་རིམ་སློབ་གྲྭའི་སེམས་ཁམས་རིག་པའི་སློབ་དཔོན་ Harry Reis དང་ཚན་རིག་པ་གཞན་ཁག་གིས་གསར་དུ་གཉེན་སྒྲིག་བྱས་པའི་བཟའ་ཚང་ ༡༧༥ འི་ཐོག་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློས་རང་གི་བདེ་དོན་འཕེལ་རྒྱས་འབྱུང་རྒྱུར་ཕན་ཐོགས་ཡོད་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་ནས་ཡང་དུ་བཀའ་གནང་བཞིན་པ་དེར་ཉིན་གྲངས་བཅུ་བཞིའི་རིང་ཞིབ་འཇུག་ཚོད་བལྟ་ཞིག་གནང་འདུག་ཅིང་། ཞིབ་འཇུག་བྱ་ཡུལ་ཚོར་རང་ངོས་ནས་སོ་སོའི་བཟའ་ཟླའི་བདེ་དོན་ཆེད་ག་རེ་བྱེད་ཐུབ་མིན་གཙོ་བོར་དམིགས་དགོས་པའི་ལམ་སྟོན་བྱས་ཡོད་པ་དང་། ཚན་རིག་པ་ཚོས་བྱ་བ་དེའི་ཐོག་ནས་ཕན་ཐོགས་བྱ་ཡུལ་དེར་གཙོ་བོ་ཕན་ཐོགས་ཡོང་གི་ཡོད་པའི་ཚོད་དཔག་བྱས་ཡོད་ན་ཡང་། སློབ་དཔོན་ Reis ཡི་ཞིབ་འཇུག་ཚོད་བལྟ་དེའི་ཐོག་ནས་གཞན་ལ་ཕན་པའི་ལས་དོན་གྲུབ་སྐབས་ཕན་ཐོགས་བྱ་ཡུལ་གྱི་སེམས་ལ་བདེ་སྐྱིད་བྱུང་བ་ཙམ་མ་ཟད། ཕན་ཐོགས་བྱ་མཁན་རང་ཉིད་ལ་དམིགས་བསལ་ཚོར་བ་བཟང་པོ་ཞིག་སྦྱིན་གྱི་ཡོད་པ་ར་སྤྲོད་བྱུང་བ་ རོ་ཆེསི་ཀྲར་མཐོ་རིམ་སློབ་གྲྭས་བཏོན་པའི་སྙན་ཐོ་ཞིག་གི་ནང་བཀོད་སྤེལ་བྱས་འདུག།
ཉིན་གྲངས་བཅུ་བཞིའི་རིང་ཞིབ་འཇུག་ཚོད་བལྟའི་ལས་དོན་དེ་གཉེར་སྐབས། བཟའ་ཚང་སོ་སོས་རང་ཉིད་ཀྱི་བཟའ་ཚང་གི་བདེ་དོན་ཆེད་གཉེར་གྱི་ལས་ཀ་དཔེར་ན་རང་ཉིད་ཀྱི་བཟའ་ཚང་ལ་རིན་ཐང་སྤྲད་པ་དང་། བྱམས་སྐྱོང་བྱེད་པ་སོགས་ཚུད་ཡོད་འདུག་ཅིང་། སེམས་ཁམས་ཚན་རིག་པ་སློབ་དཔོན་ Harris Reis ཡིས་ཞིབ་འཇུག་གྲུབ་དོན་གྱི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྙིང་རྗེ་དང་གཞན་ཕན་བྱེད་པ་པོ་དང་བྱེད་པའི་ཡུལ་གཉིས་ཀར་ཕན་ཐོགས་ཡོང་གི་ཡོད་པ་གསལ་པོ་ཡིན་ན་ཡང་། དེ་སྔོན་ཚན་རིག་པས་ཚོད་དཔག་རྩ་བ་ནས་མ་བྱེད་པའི་གནས་ཚུལ་གསར་པ་ཞིག་ནི། གཞན་ཕན་དང་སྙིང་རྗེ་བྱེད་པ་པོར་བྱེད་པའི་ཡུལ་ལས་བརྒྱ་ཆ་བཞི་བཅུ་ཞེ་ལྔ་ཙམ་གྱི་ཕན་ཐོགས་ཆེ་བ་ཡོད་པ་ར་སྤྲོད་བྱུང་བ་དེ་ཡིན་འདུག། དེར་བརྟེན་སློབ་དཔོན་ Reis ཡིས་གཞན་ཕན་དང་སྙིང་རྗེ་བྱེད་པ་པོས་བྱེད་པ་པོའི་ཡུལ་ནས་བཟང་ཕྱོགས་ཀྱི་ཡ་ལན་ཇི་བྱུང་ལ་མ་བལྟོས་པར། གཞན་ཕན་དང་སྙིང་རྗེ་ལག་ལེན་བྱས་པ་ཙམ་གྱིས་རང་ཉིད་ཀྱི་མཁེ་ཕན་གྲུབ་པའི་བྱ་བཞག་གལ་ཆེ་ཞིག་ཏུ་གྱུར་གྱི་ཡོད་པར་ངོས་འཛིན་གནང་འདུག།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཡང་ནས་ཡང་དུ་གཞན་ཕན་དང་སྙིང་རྗེའི་བསམ་བློ་ནི་རང་གཞན་གཉིས་ཀའི་བདེ་སྐྱིད་གྲུབ་པར་མེད་དུ་མི་རུང་བ་ཡིན་པ་བཀའ་གནང་གི་ཡོད་པ་རེད།།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།