རྒྱ་ནག་ལྷོ་ཕྱོགས་ཀོང་ཤིའི་ཁུལ་དུ་ཆར་ཞོད་ཀྱི་གནོད་འཚེ།
2010.07.02
༄༅༎རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཤི་ཀྲུའང་རང་སྐྱོང་ས་ཁུལ་དུ་ཆར་ཞོད་ཀྱི་རྐྱེན་པས་ས་རུད་ཀྱི་གནོད་འཚེ་ཚབས་ཆེ་དེ་ཡིས་འདམས་བག་དང་ས་རྡོ་ཉེལ་ཏེ་དེའི་ནང་གནས་སྡོད་བྱེད་མཁན་གྲོང་གསེབ་པ་ཉིས་སྟོང་ལྷག་གི་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་པ་རེད།
དེ་རིང་ཤིང་ཧྰ་གསར་ཤོག་ཐོག་ལ་གནས་ཚུལ་སྤེལ་བའི་ནང༌། མཐོ་ཚད་ལ་མི་ཊར་༡༢༠དང་ཕྲེད་ལ་མི་ཊར་༡༠༠ཡི་རྒྱ་ཁྱོན་གྱི་རི་བོ་ཞིག་གྲོང་གསེབ་ཀྱི་ཉེ་འཁྲིས་སུ་གཡང་གཟར་དུ་གནས་ཡོད་པ་དང༌། གལ་ཏེ་མུ་མཐུད་ནས་ས་རུད་ཐེབས་ཚེ་རི་བོ་དེ་ཉིལ་ཏེ། གྲོང་གསེབ་དེའི་ཉེ་འཁྲིས་གཙང་ཆུ་བཀག་རྒྱུ་མ་ཟད། ཉེ་འཁྲིས་ཀྱི་སྔོན་འགྲོའི་སློབ་གྲའི་སློབ་ཕྲུག་གཙོས་པའི་ས་གནས་ཀྱི་་གྲོང་གསེབ་མི་དམངས་ཉིས་སྟོང་གསུམ་རྒྱའི་བདེ་འཇགས་ལ་གནོད་འཚེ་བཟོ་རྒྱུ་ཉེན་ཁ་ཡོད་པ་རེད། དེ་བཞིན་རྒྱ་ནག་གི་ལྷོ་ཕྱོགས་ཀུཨི་ཀྲུ་ཞིང་ཆེན་ནང་ལའང་ཆར་ཞོད་བསྟུད་མར་འབབ་པའི་རྐྱེན་གྱིས་ཕྲུ་གུ་ལོ་བཞི་ནས་བརྒྱད་བར་དང་རྒན་པ་ལོ་༡༥ནས་༢༢བར་མི་གྲངས་༦༠ལྷག་ལ་ས་རུད་ཀྱི་གནོད་འཚེ་ཕོག་ཡོད་པ་དང༌། ས་ཁུལ་དེའི་ནང་ས་རུད་གྱི་གནོད་འཚེ་ཕོག་པའི་སྐབས་ཁྱིམ་ཚང་མི་རྒན་པ་དང་ཕ་མ་རྣམས་གྲོང་ཁྱེར་ནང་དུ་འཕྲལ་སེལ་ལས་ཀར་བསྐྱོད་དེ་ཕྲུ་གུ་རྣམས་སྤོའོ་དང་རྨོའོ་སོགས་རྒན་གྲས་ལ་བཅོལ་ཏེ་བཞག་ཡོད་པ་རེད། ཉེན་སྐྱོབ་རུ་ཁག་གིས་བཤད་པར་གཞིགས་ན། ཁོང་ཚོར་ད་ལྟ་བར་ས་རུད་ཀྱི་གནོད་འཚེའི་འོག་ནས་མི་༡༦གྱི་ཕུང་པོ་རྙེད་སོན་བྱུང་བ་དང༌། ད་དུང་མི་༨༣གར་སོང་ཆ་མེད་ཀྱིས་རྙེད་སོན་བྱུང་མེད་པ་བཤད་ཡོད་པ་རེད། ས་གནས་དེའི་ནང་དུ་ས་རུད་ཀྱི་གནོད་འཚེ་ནས་ཐར་བའི་མི་ཞིག་གིས། གནོད་འཚེ་ཕོག་མཁན་མང་ཆེ་བ་ཕུའུ་དབྱི་དང་ལི་མི་རིགས་ཡིན་པ་དང༌། ཁོ་རང་གི་ཨ་ཅག་དང་ཨ་ཅག་གི་བོུ། ཚ་བོ་གསུམ་དང༌། ས་ཁུལ་གཞན་ནས་ཁོང་ཚོར་ཐུག་འཕྲད་དུ་ཡོང་བའི་སྤུན་མཆེད་གསུམ་བཅས་ལ་གནོད་འཚེ་ཕོག་ཡོད་པའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་ཅིང༌། བར་ལམ་རྒྱ་ནག་གི་ལྷོ་ཕྱོགས་ཞིང་ཆེན་ཁག་དགུའི་ནང་ཆར་ཞོད་བསྟུད་མར་འབབ་ཏེ་ས་རུད་དང་ཆུ་ལོག་གི་གནོད་འཚེའི་དཀའ་ངལ་ཆེན་པོ་ལྷུངས་བཞིན་ཡོད་པ་རེད།