སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ཨ་མི་རི་ཀར་ཕེབས་འབྱོར།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་ཨ་རིར་ཕེབས་སྐབས་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚོས་ཕེབས་བསུ་བྱས་བ།
-
2016-01-15 -
-
-
དེ་ཡང་སྤྱི་ལོ་༢༠༡༦ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མི་ད་ལྟའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨ་རིའི་ནང་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་སྐོར་བསྐྱོད་དུ་ཕེབས་ཡོད་པ་དང་། འདི་ཚེས་༡༤ཉིན་རྒྱབ། བོད་མི་མང་སྤྱི་མཐུས་ཚོགས་གཙོ་མཆོག་རྒྱ་གར་ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཕེབས་འབྱོར་གནང་སྐབས། གནམ་ཐང་དུ་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ས་གནས་མི་དམངས་ཀྱིས་ ཚོགས་གཙོ་མཆོག་ལ་ཕེབས་བསུ་གནང་འདུག
སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་གིས་ད་རེས་ཨ་རིའི་ཁུལ་དུ་སྐོར་བསྐྱོད་གནང་རྒྱུ་དེ་བཞིན། གྲོང་ཁྱེར་ནིའུ་ཡོག་ཏུ་གནས་བཞུགས་དབུས་གཙང་ཆོལ་ཁའི་ཁོངས་སུ་གཏོགས་པའི་དང་བླང་བ་མི་སྣ་ཁག་གཅིག་གི་གདན་ཞུས་ལྟར་ཆེད་ཕེབས་གནང་བ་ཞིག་འདུག་ལ། གོ་སྒྲིག་ཚོགས་ཆུང་གི་ཚོགས་མིའི་གྲས་སུ་དབུས་གཙང་བ་ཆབ་སྲིད་བཙོན་ཟུར་མཚོ་མོ་གླིང་སྤེན་པ་ལགས་ཀྱིས། སྤྱི་འཐུས་ཚོགས་གཙོ་མཆོག་གི་འདི་ཁུལ་དུ་ཆེད་ཕེབས་ཀྱི་དམིགས་ཡུལ་གཙོ་བོ་དེ་བཞིན་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུ་མ་སླེབས་གོང་ཨ་རིའི་བོད་མིའི་སྤྱི་ཚོགས་ཁྲོད་དུ་འོས་སྡུའི་དྲིལ་བསྒྲགས་དང་འབྲེལ་བའི་ལས་དོན་ཁོ་ནར་དམིགས་པ་ལས་དཔལ་འབྱོར་འདུ་འགོད་ཀྱི་དགོངས་པ་དེ་ཙམ་བཞེས་ཀྱི་མེད་པའི་སྐོར་གསུངས་ཀྱི་འདུག
གནས་ཚུལ་ལྟར་ན། ཚོགས་གཙོ་སྤེན་པ་ཚེ་རིང་མཆོང་བྱང་ཨ་རིའི་ཁུལ་དུ་ཉིན་གྲངས་༡༠ཙམ་རིང་བཞུགས་རིང་། མཛད་འཆར་ཁོངས་སུ་དེ་རིང་ཚེས་༡༥ཉིན་ནེའུ་ཡོག་ལ་ཚོགས་གཙོ་མཆོག་གི་འདས་པའི་ལོ་ངོ་༢༠ལྷག་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཕྱག་ལས་ཀྱི་འགན་ཁུར་འདྲ་མིན་བཞེས་པར་ཆེ་བསྟོད་མཚོན་ཆེད་དགོང་དྲོའི་གསོལ་སྟོན་བཤམ་རྒྱུ་དང་། ཚེས་༡༦ཉིན། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་མི་རྣམས་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག
ནིའུ་ཡོག་དང་ནིའུ་ཇར་སི་ཁུལ་གྱི་མཛད་འཆར་གྲུབ་མཚམས། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བྱང་ཨ་རིའི་Californiaདང་། རྒྱལ་ས་ཝ་ཤིན་ཀྲོན། ཁེ་ན་ཊ་ལ་སོགས་པའི་བོད་མི་གནས་ཡུལ་མངའ་སྡེ་ཆེ་གྲས་སུ་སྐོར་བསྐྱོད་གནང་འཆར་ཡོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།