བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གི་བཀྲིན་རྗེས་དྲན་ཞུས་པ་དང་སྦྲགས་འཚམས་འདྲིའི་གསུང་བཤད་གནང་འདུག
དེ་ཡང་དེ་རིང་ཕྱི་ཟླ་༡༢་པའི་ཚེས་༡༠་ཉིན་དེ་ནི་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་༢༥་འཁོར་བའི་ཉིན་གྱི་དུས་ཆེན་ཁྱད་པར་ཅན་ཡིན་སྟབས་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་རྟེན་འབྲེལ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་༧མགོན་པོ་གང་ཉིད་ཀྱི་བཀྲིན་རྗེས་དྲན་ཞུས་པ་དང་སྦྲགས་འཚམས་འདྲིའི་གསུང་བཤད་གནང་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གཞུང་འབྲེལ་མཛད་སྒོའི་ཐོག་གསུང་བཤད་གནང་དོན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཞན་ཕན་གྱི་མཛད་པ་འཕྲིན་ལས་སྤྱི་དང་ཡང་སྒོས་འཛམ་གླིང་ཀུན་ལ་དགེ་ཕན་ཅན་གྱི་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་ཆེད་དུ་ནང་པའི་ཆོས་ཀྱི་བསླབ་བྱ་དང་བདག་ཉིད་ཆེན་པོ་གྷན་རྡིའི་བཞེད་དགོངས་ཟབ་མོ་གཞིར་བཟུང་འཚེ་མེད་ཞི་བའི་ཐབས་ཚུལ་ཁོ་ནར་བརྟེན་ཏེ་བོད་དོན་བདེན་མཐའ་གསལ་ཐབས་མཛད་པ་དང་དེ་བཞིན་འཛམ་གླིང་འདིར་ཕན་ཚུན་བསམ་ཤེས་དང་མཐུན་སྒྲིལ། དྲང་བདེན། བྱམས་བརྩེ་ཡོད་པ་བཅས་ཀྱི་སྒོ་ནས་ཕན་ནུས་ལྡན་ལ་ཕུགས་རྒྱང་རིང་བའི་དགོངས་པར་བརྟེན་ནས་རྒྱལ་སྤྱིའི་ནང་འཁྲུག་རྩོད་ཁག་ཞི་ཐབས་དང་འགྲོ་བ་མིའི་ཐོབ་ཐང་གི་འགན་ཁུར། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སྨན་པའི་ཞི་བདེ་དོན་དང་ལྡན་པ་འབྱུང་ཐབས་སུ་རྨད་བྱུང་མཛད་བཟང་བསྐྱངས་དང་སྐྱོང་མུས་ལ་འཛམ་གླིང་སྐྱེ་རྒུ་རྣམས་ཀྱིས་ཡིད་དབང་འཕྲོག་ཏེ་སྙན་གྲགས་ཆེ་བའི་གཟེངས་རྟགས་འབུལ་ལམ་ཞུས་ཡོད་ཅེས་དང་། ད་ལོ་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་༢༥་འཁོར་བའི་དུས་ཆེན་ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་ནས་མགོན་པོ་གང་ཉིད་ཆེད་མངགས་གདན་ཞུ་དང་འབྲེལ་དུས་ཚིགས་ལ་རྗེས་དྲན་དང་ཆེ་བསྟོད་ཀྱི་མཛད་སྒོ་སྔར་བྱུང་མྱོང་མེད་པ་དམིགས་བསལ་ཞིག་གནང་བ་དེས་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་ཆེད་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་སླར་ཡང་ངོས་འཛིན་གསལ་པོ་ཞུས་པ་ཞིག་ཡིན་སྐོར་གསུངས་འདུག ད་དུང་ཁོང་ནས་བོད་བསྟན་སྲིད་མི་རིགས་ཆེད་བློས་གཏོང་ཆེན་པོ་གནང་མཁན་སྤྱི་དང་ལྷག་དོན་དུ་ཕྱི་ལོ་༢༠༠༩་ལོ་ནས་བཟུང་ད་བར་བོད་མི་༡༣༢་ཡིས་རང་ལུས་མེར་བསྲེགས་གནང་མཁན་རྣམས་དབུས་པའི་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ལྷག་བསམ་དང་དཔའ་མཛངས་སྙིང་སྟོབས་ཀྱི་མཛད་རྗེས་རྣམས་ལ་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཡོངས་ཀྱིས་གདུང་སེམས་མཉམ་སྐྱེད་དང་མངོན་པར་བསྟོད་རྒྱུ་མ་ཟད། བོད་དོན་བདེན་མཐའ་གསལ་སླད་༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཡོངས་ནས་རྒྱལ་སྤྱིའི་ནང་འཚེ་མེད་ཞི་བའི་ལས་འགུལ་སྣ་མང་སྤེལ་དང་སྤེལ་བཞིན་པ་ལྟར་ད་དུང་མུ་མཐུད་ནས་སྤེལ་རྒྱུ་ཡིན་སྐོར་སོགས་གསུངས་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།
རྒྱལ་སྤྱིའི་ནང་འཚེ་མེད་ཞི་བའི་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ།
