པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཆེད་ཞུ་གཏུགས་ཀྱི་ལས་འགུལ།
ཕྱི་ཟླ་༤ཚེས་༢༥ནས་ཕྱི་ཟླ་༥ཚེས་༡༧བར་ཟླ་བ་གཅིག་ཙམ་རིང་ཞུ་གཏུགས་གི་ལས་འགུལ་སྤེལ་ཐབས་གནང་དགོས་པའི་འབོད་སྐུལ་གནང་འདུག
-
2020-04-25 -
-
-
Your browser doesn’t support HTML5 audio
དེ་རིང་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༡ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གི་བཀག་ཉར་འོག་ནས་གློད་བཀྲོལ་ཡོང་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་དང་སྒེར་བཅས་ཀྱི་ངོས་ནས་ཕྱི་ཟླ་༤ཚེས་༢༥ནས་ཕྱི་ཟླ་༥ཚེས་༡༧བར་ཟླ་བ་གཅིག་ཙམ་རིང་ཞུ་གཏུགས་གི་ལས་འགུལ་སྤེལ་ཐབས་གནང་དགོས་པའི་འབོད་སྐུལ་གནང་འདུག
རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི། བྱ་བྲལ་རིན་པོ་ཆེ་བཅས་གར་སོང་ཆ་མེད་དུ་བཏང་ནས་མི་ལོ་༢༥ཧྲིལ་པོ་འཁོར་ཀྱི་ཡོད་སྟབས། འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་བོད་མི་རྣམས་བློ་འཚབ་དང་བློ་ཕམ་བྱེད་དགོས་པའི་ཉིན་མོ་ཞིག་ཀྱང་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱིས་གསུངས་བཞག ཟླ་བ་གཅིག་རིང་ཞུ་གཏུགས་ཀྱི་ལས་འགུལ་དེ་བཞིན་རྒྱལ་སྤྱིའི་ནང་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བཅུ་གཉིས་ཡོད་པ་རྣམས་ནས་དབུ་ཁྲིད་པའི་ཐོག་ནས་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་ནང་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་སྦྲགས་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་༢༥འཁོར་བའི་དུས་དྲན་དེ་ཡང་མ་བརྗེད་པ་གནང་དགོས་པའི་ཐོག་རྒྱ་ནག་གཞུང་ལ་ཁོང་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་གནོན་ཤུགས་སྤྲོད་ཆེད་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་གསུངས་བཞག དེ་བཞིན་སྲིད་སྐྱོང་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ཐད་ཉན་ཞིབ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཐོག རྒྱལ་སྤྱིའི་ནང་ཡོད་པའི་བོད་ཀྱི་གྲོགས་པོ་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་གནང་མཁན། དེ་བཞིན་བོད་རིགས་ཚོགས་པ་བཅས་ཀྱིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་ཐབས་སུ་ལས་འགུལ་སྤེལ་བཞིན་པར་ཐུགས་རྗེ་ཆེ་ཞེས་ཞུས་གནང་བཞག།