པ་ཀི་སི་ཐན་གྱི་སྲིད་བློན་ཁྲིམས་ཁང་དུ་བཀའ་འགུགས།
2012.01.19
༄༅༎པ་ཀི་སི་ཐན་གྱི་སྲིད་བློན་ཡུ་སུཕ་ར་ཛ་རྒི་ལ་ནི་ཡིས་རེས་གཟའ་ཕུར་བུའི་ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་འགུགས་་གནང་བ་ལྟར་ཁྲིམས་ཁང་དུ་ངོ་བཅར་ཞུས་ཏེ་ཁྲིམས་ཁང་ལ་ཁྱད་གསོད་བྱས་པའི་ཉེས་འཛུགས་དག་སེལ་ཞུ་ཐབས་གནང་འདུག
པ་ཀི་སི་ཐན་གྱི་བྱུང་རབས་ནང་སྲིད་བློན་ལས་གནས་བཟུང་བཞིན་པ་ཞིག་ཁྲིམས་ཁང་དུ་བཀའ་འགུགས་་གནང་བ་གཉིས་པ་ཡིན་པ་རེད། ད་ལམ་སྲིད་བློན་ཁྲིམས་ཁང་དུ་བཀའ་འགུགས་་གནང་དོན་ནི། ད་ཡོད་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་ཡིས་དེ་སྔ་སུད་སིར་ཁེ་གཉེར་ལས་ཁང་ཞིག་ནས་བར་ཁེ་བཟས་པའི་གྱོད་གཞི་དེ་སྔ་ཕྱི་ལོ་༢༠༠༧་ལོར་སྐབས་དེའི་སྲིད་འཛིན་པཱར་ལྦེཛ་མུ་ཤ་རཕ་གྱིས་ཉེས་ཡང་བཏང་ཟིན་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་རྩ་དེ་ནུས་མེད་བཟོས་ཏེ་གྱོད་གཞི་བསྐྱར་སློག་རྒྱག་རྒྱུའི་ཐག་གཅོད་བྱས་ཏེ་སྲིད་བློན་ལ་འབྲེལ་ཡོད་སུད་སི་གཞུང་ལ་གྱོད་གཞི་བསྐྱར་སློག་གནང་དགོས་པའི་གཞུང་འབྲེལ་བཀའ་ཡིག་གཏོང་དགོས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀོད་ཁྱབ་ལ་སྲིད་བློན་རྒི་ལ་ནི་ཡིས་རྩིས་མེད་བཏང་བའི་ནག་ཉེས་བཙུགས་ཡོད་པ་རེད། འོན་ཀྱང་སྲིད་བློན་རྒི་ལ་ནི་ཡིས་སྲིད་འཛིན་ལས་གནས་འཁུར་གནང་བཞིན་པ་ཞིག་ལ་ཁྲིམས་འཛུགས་བྱེད་མི་ཆོག་པའི་ཆག་ཡང་ཡོད་པ་གསལ་བཏོན་གནང་ཐབས་གནང་ཡོད་པ་དང་། འབྱུང་འགྱུར་ཡང་རྩ་དོན་དེ་གང་བཙིགས་ཆེར་འཛིན་ཏེ་ཁྲིམས་ཁང་ལ་དག་སེལ་གནང་ཐབས་གནང་རྒྱུ་ཡིན་པའི་གདེང་སྤོབས་ཆེན་པོའི་ནང་ཁྲིམས་ཁང་དུ་རྒྱབ་སྐྱོར་བྱེད་མི་བློན་ཆེན་གཞན་མང་པོ་དང་ལྷན་དུ་ཕེབས་ཡོད་པ་མ་ཟད། ཁོང་གི་མི་མང་ཚོགས་པ་ཞེས་པའི་ཚོགས་པའི་ཚོགས་མི་ཡང་ཆེས་མང་པོ་འདུ་འཛོམས་བྱུང་སྟེ་རྒྱབ་སྐྱོར་རྣམ་འགྱུར་བསྟན་འདུག
ཕྱོགས་མཚུངས་ཁྲིམས་རྩོད་པ་དང་ཁྲིམས་ཀྱི་ལས་དོན་གཉེར་མཁན་སྟོད་གོས་ནག་པོ་གྱོན་པ་ཡང་དུ་མ་འཛོམས་ཏེ་་སྲིད་འཛིན་དང་སྲིད་བློན་ལ་ངོ་རྒོལ་སྐད་འབོད་གནང་འདུག་ཀྱང་ཉིན་ཤས་གོང་པ་ཀི་སི་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་ཡིས་དམག་སྤྱི་ཨཤ་ཕཁ་པར་ལྦེཛ་ཀ་ཡ་ནི་དང་མཇལ་འཕྲད་བཀའ་བསྡུར་གནང་སྟེ་ཡུལ་དེའི་ཞི་བའི་འགོ་ཁྲིད་དང་དྲག་པོའི་འགོ་ཁྲིད་དབར་འཁོན་འཛིན་ཞི་ཐབས་གནང་ཡོད་ལུགས་གཞུང་གི་མགྲིན་ཚབ་པ་ཞིག་གིས་གསུངས་གནང་ཡོད་པ་རེད།