བལ་ཡུལ་ནང་གི་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་དེ་གཙོ་བོ་བོད་མི་ཚོར་དམིགས་ཡོད་པ་ཉམས་ཞིབ་པས་གསུངས་བྱུང་།
བལ་ཡུལ་ནང་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་གཙོ་བོ་བལ་ཡུལ་ནང་གི་བོད་མི་ཚོར་དམ་དྲག་ཆེད་ཡིན་པ་ཉམས་ཞིབ་པས་འགྲེལ་བརྗོད་གནང་བྱུང་།
- 2023-08-01
-
-
-
རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་གནོན་ཤུགས་རྒྱ་སྐྱེད་འགྲོ་བཞིན་པ་ནི་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་བཞིན་ཡོད་པ་ལྟར། འདི་ཚེས་༡ནས་༢བར་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཚེ་བ་མེད་པའི་གདམ་ཀའི་ཐེབས་རྩ་ཁང་ནས། རྒྱ་ནག་གི་སྐོར་ཉམས་ཞིབ་པ་དང་ལྷག་པར་དུ་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་ཐོག་རྒྱུས་མངའ་ཆེ་བའི་མཁས་པ་ལྷན་འཛོམས་ཀྱིས་མཁས་པའི་བགྲོ་གླེང་ཞིག་སྐོང་ཚོགས་གནང་བཞིན་ཡོད་པའི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀྱང་མཉམ་ཞུགས་གནང་ཡོད་འདུག
གཞི་རྩའི་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་དེ་ནི། ཕྱི་ལོ་༡༩༤༩ལོར་རྒྱ་ནག་ནང་ནང་འཁྲུག་མཇུག་སྒྲིལ་ཏེ། གོ་མིན་ཏང་སྲིད་གཞུང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཕྱིར་འཐེན་གྱིས། ཐེ་ཝན་དུ་གནས་སྤོས་ཀྱིས་སྲིད་གཞུང་འཛིན་བྱས་ཡོད་པ་རེད། འོན་ཀྱང་། ཕྱི་ལོ་༡༩༧༢ལོར་ཨ་རི་དང་རྒྱ་ནག་གཉིས་བར་གཞུང་འབྲེལ་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་རྒྱལ་ཁབ་གཅིག་ལས་མེད་པ་དང་། ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་ཞེས་བཀོད་པ་ནས་བཟུང་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་དང་འབྲེལ་མོལ་སྐབས། རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་དེར་ངོས་ལེན་ཡོང་ཆེད་འབད་བརྩོན་གནང་དང་གནང་མུས་རེད། དཔེར་ན། ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ལྟ་བུས་ཀྱང་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་དེར་རྒྱབ་སྐྱོར་བྱས་ཡོད་ཀྱང་། དོན་དངོས་ཐོག་དེ་ནི་བལ་ཡུལ་ནང་གནས་སྡོད་བོད་མི་རྣམས་ལ་དམ་དྲག་དང་བལ་ཡུལ་ས་ཐོག་ཏུ་བོད་དོན་དང་འབྲེལ་བའི་ལས་འགུལ་རིགས་བཀག་འགོག་དམ་དྲག་ཆེད་རྒྱ་ནག་གཞུང་གིས་བལ་ཡུལ་ནང་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་ལག་བསྟར་ཡོང་ཐབས་ནན་སྐུལ་བྱེད་མུས་ཡིན་འདུག བལ་ཡུལ་ནང་རྟེན་གཞི་བྱས་པའི་བལ་ཡུལ་གྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་(Santosh Sharma)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བལ་ཡུལ་གཞུང་ནི་ཕྱི་ལོ་༡༩༥༥ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ངོས་འཛིན་གནང་མཁན་གྱི་རྒྱལ་ཁབ་ཐོག་མའི་གྲས་སུ་ཆགས་ཡོད་པ་དང་། རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་དེར་རྒྱབ་སྐྱོར་གནང་མཁན་ཡང་ཐོག་མའི་གྲས་སུ་ཆགས་ཡོད། དོན་དངོས་ཐོག་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་དེ་བལ་ཡུལ་ནང་ལག་བསྟར་བྱས་པའི་བརྒྱུད་རིམ་ལ་བལྟས་ན། ཐེ་ཝན་གྱི་གནད་དོན་ལས་ལྷག་པ་བལ་ཡུལ་ནང་གནས་སྡོད་བོད་མི་རྣམས་ལ་དམ་དྲག་དང་། དེ་བཞིན་བལ་ཡུལ་ནང་བོད་དོན་དང་འབྲེལ་བའི་ལས་འགུལ་རིགས་མི་ཡོང་བའི་ཆེད་དམིགས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་ནག་གི་ཁྱིམ་མཚེས་རྒྱ་གར་ལ་མཚོན་ན། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་། བོད་མི་འདུས་སྡོད་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཀྱི་ཡོད་དུས། རྒྱ་ནག་དང་རྒྱ་གར་བར་ས་མཚམས་ཀྱི་དཀའ་རྙོག་དང་དེ་བཞིན་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་རྒྱ་ནག་གཞུང་གིས་ངོས་ནས་དགག་ཆ་ཤུགས་ཆེ་གནང་བཞིན་པ་ལྟར། དཔེར་ན། ཕྱི་ལོ་༢༠༢༠ལོར་འཕགས་བོད་ས་མཚམས་ལ་དྭགས་གྷལ་ཝན་དུ་རྒྱ་གར་དང་རྒྱ་ནག་གི་དམག་མིའི་བར་གདོང་ཐུག་བྱུང་རྗེས། ཕྱོགས་གཉིས་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་ཀྱང་། ཕྱི་ལོ་༢༠༢༡ལོར་རྒྱ་གར་གྱི་སྲིད་བློན་མོ་དྷིས་མཆོག་གིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གནང་བ་དེས། རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་བཏང་བའི་རྣམ་པ་ཞིག་བསྟན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་ཡོད་པ་རེད།
རྒྱ་ནག་ཐད་ཉམས་ཞིབ་པ་(Aadil Brar)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་གར་གཞུང་གི་ངོས་ནས་ཕྱི་ལོ་༢༠༠༩ལོའི་རྗེས་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་དེ་གཞུང་འབྲེལ་གྱི་ཐོག་ནས་ད་བར་བེད་སྤྱོད་བཏང་མེད་པ་དང་། རྒྱ་གར་གཞུང་གིས་ངོས་ནས་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་ཐོག་ལངས་ཕྱོགས་ཁ་གསལ་མེད་ཀྱང་། བོད་དང་ཐེ་ཝན་ཐོག་འཛིན་པའི་སྲིད་བྱུས་ལ་ཤུགས་གནོན་རྒྱག་གི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་དང་འབྲེལ་མོལ་མ་གནང་གོང་། རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་དེར་རྒྱབ་སྐྱོར་དགོས་རྒྱུ་ནི་འབྲེལ་ལམ་གྱི་ཆ་རྐྱེན་གཙོ་བོ་དེ་ཆགས་ཀྱི་ཡོད་པ་བཞིན། བལ་ཡུལ་ནང་རྒྱ་ནག་གི་འགོ་ཁྲིད་སུ་འདྲ་ཞིག་སླེབས་ཀྱང་། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་དེར་རྒྱབ་སྐྱོར་མུ་མཐུད་གནང་དགོས་པའི་ནན་སྐུལ་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་༢༠༢༢ལོར་ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་ལྕམ་(Uzra་Zeya)་ལགས་བལ་ཡུལ་ནང་ཕྱོགས་ཕེབས་ཀྱིས། བོད་མི་རྣམས་དང་མཇལ་འཕྲད་གནང་བར་རྒྱ་ནག་གཞུང་གིས་ངོས་ནས་དགག་ཆ་ཤུགས་ཆེ་གནང་ཡོད་ཅེས་ཉམས་ཞིབ་པ་(Santosh Sharma)་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཤྲི་ལངྐའི་རྒྱལ་ཁབ་ལྟ་བུ་མཚོན་ན། ཕྱི་ལོ་༢༠༢༢ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་མཆོག་ཐེ་ཝན་ནང་ཕེབས་སྐབས། ཤྲི་ལངྐའི་རྒྱལ་ཁབ་ཀྱིས་ངོས་ནས་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་ལ་མུ་མཐུད་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད་པ་རེད། དེ་བཞིན་རྒྱལ་ཁབ་དེའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེངས་མང་གདན་འདྲེན་ཞུས་ཀྱང་གཞུང་ཕྱོགས་ནས་ངོས་གནང་མེད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།