བྱང་ཀོ་རི་ཡས་རྡུལ་ཕྲན་གོ་མཚོན་སྤྱོད་རྒྱུའི་གྲ་སྒྲིག།
བྱང་ཀོ་རི་ཡས་ངོས་ནས་ཀྱང་ལྷོ་ཀོ་རི་ཡར་དམག་འཐབ་བྱ་རྒྱུར་གྲ་སྒྲིག་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག
-
2010-12-23 -
-
-
༄༅༎བྱང་ཀོ་རི་ཡའི་དཔུང་དམག་བློན་ཆེན་ཀིམ་ཡང་ཆུན་གིས་ལྷོ་ཀོ་རི་ཡ་ངོས་ནས་བྱང་ཀོ་རི་ཡའི་ས་མཚམས་ཁུལ་དུ་མཚོན་ཆའི་ངོ་མ་བེད་སྤྱོད་ཀྱིས་དམག་སྦྱོང་ཤུགས་བྱེད་བཞིན་པ་དེ་དམག་འཐབ་བྱ་རྒྱུར་གྲ་སྒྲིག་བྱེད་པ་ཞིག་མཚོན་གྱི་ཡོད་པ་དང་ དེར་གཞིགས་པས་བྱང་ཀོ་རི་ཡས་ངོས་ནས་ཀྱང་ལྷོ་ཀོ་རི་ཡར་དམག་འཐབ་བྱ་རྒྱུར་གྲ་སྒྲིག་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག
ཟླ་བ་སྔོན་མ་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་ཡིའོན་པིཡོང་ཞེས་པའི་མཚོ་གླིང་ཐོག་གཏོར་རྒོལ་བྱས་ཏེ་ལྷོ་ཀོ་རི་ཡའི་དམག་མི་གཉིས་ཀྱི་གཙོས་ མི་བཞི་ལ་སྲོག་སྐྱོན་དང་མཚོ་གླིང་དེར་གཏོར་སྐྱོན་གང་ཙམ་བཏང་བའི་རྗེས་ནས་བཟུང་ཀོ་རི་ཡའི་མཚོ་གླིང་དེར་འཁོན་འཁྲུག་ཆེན་པོ་ཡོང་གཞིའི་གནས་སྟངས་ཛ་དྲག་ཆེན་པོ་ཞིག་གྱུར་ཡོད་པ་དང་ ལྷོ་ཀོ་རི་ཡའི་གཞུང་གིས་བྱང་ཀོ་རི་ཡས་ངོས་ནས་ཡང་སྐྱར་ཚུར་རྒོལ་གྱི་དོན་རྐྱེན་དེ་རིགས་ལ་གདོང་ལེན་ཚར་གཅོད་བྱ་རྒྱུའི་རྣམ་འགྱུར་དང་གྲ་སྒྲིག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་
Korean Central News Agencyཞེས་པའི་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ལས་ཁང་གིས་བྱང་ཀོ་རི་ཡའི་དཔུང་དམག་བློན་ཆེན་གྱི་སྐད་ཆ་ལུང་དྲངས་ཀྱིས་དེ་རིང་གནས་ཚུལ་སྤེལ་དོན་ལ་གཞིགས་ན་ བློན་ཆེན་ཀིམ་གྱིས་ང་ཚོའི་དགྲ་བོའི་ཕྱོགས་ནས་སླར་ཡང་ཀོ་རི་ཡའི་དམག་འཐབ་གཉིས་པ་ཞིག་ལ་གྲ་སྒྲིག་བྱེད་བཞིན་ད་ཆ་དམག་འཐབ་དངོས་སུ་བྱ་རྒྱུའི་མཚམས་ལ་སླེབས་ཡོད་ན་བྱང་ཀོ་རི་ཡའི་དམག་དཔུང་གི་ངོས་ནས་ཀྱང་དྲང་བདེན་གྱི་དམག་འཐབ་འདིའི་ནང་རྡུལ་ཕྲན་གོ་མཚོན་བེད་སྤྱོད་བཏང་སྟེ་གདོང་ལེན་བྱ་རྒྱུར་གྲ་སྒྲིག་ཡོད་ཅེས་གཏམ་བཤད་བྱས་པའི་གནས་ཚུལ་སྤེལ་ཡོད་པ་རེད་