ནིའུ་ཛི་ལེན་གྱིས་འབར་མའི་འོས་བསྡུར་སྐྱོན་བརྗོད་བྱས་པ།

ནིའུ་ཛི་ལེན་གཞུང་གིས་འབར་མའི་རྒྱལ་ཡོངས་འོས་བསྡུར་སྐྱོན་བརྗོད་དང་འབྲེལ་དམངས་གཙོ་ཚོགས་པའི་དབུ་ཁྲིད་གློད་བཀྲོལ་གྱི་རེ་སྐུལ།

2010.11.08

༄༅༎ནིའུ་ཛི་ལེན་གཞུང་གིས་འབར་མའི་རྒྱལ་ཡོངས་འོས་བསྡུར་སྐྱོན་བརྗོད་དང་འབྲེལ་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཅི་འཕྲལ་དུ་རང་དབང་གློད་བཀྲོལ་དགོས་རྒྱུ་རེ་སྐུལ་གནང་བཞག།

ནིའུ་ཛི་ལེན་གཞུང་གི་དྲ་རྒྱའི་ཐོག་དེ་རིང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པའི་ནང༌། ཕྱི་འབྲེལ་བློན་ཆེན་མ་རེ་མེཀ་ཀ་ལི་ཡིས་ཕྱི་ཚེས་༧ཉིན་འབར་མའི་ནང་རྒྱལ་ཡོངས་འོས་བསྡུ་ཚུགས་པ་དེ་དྲང་བདེན་དང་རང་དབང་ལྡན་པ་ཞིག་མིན་སྐོར་གསུངས་འདུག།

ཡང་ཁོང་གིས་འབར་མའི་འོས་བསྡུའི་སྒྲིག་གཞིའི་ནང་འོས་བསྡུ་དེབ་བསྐྱེལ་ཐོག་དམ་བསྒྲགས་དང༌། འོས་བསྡུའི་དྲིལ་བསྒྲགས་བྱེད་མ་ཆོག་པ། གསར་འགྱུར་བརྒྱུད་ལམ་ཁག་ལ་འོས་བསྡུའི་གསར་འགྱུར་འགོད་པའི་རང་དབང་མེད་པ་བཅས་ཀྱིས་འབར་མའི་ཕྱོགས་འགལ་ཚོགས་པ་ཚོར་འོས་བསྡུའི་འགྲན་བསྡུར་ནང་མཉམ་ཞུགས་ཆ་ཚང་བྱེད་དུ་བཅུགས་མེད་པ་ལྟར། དྲག་པོའི་གཞུང་གིས་ ཆ་འཇོག་ཡིད་ཆེས་འཕེར་བའི་རྒྱལ་སྤྱིའི་རྟོག་ཞིབ་པ་འམ་ ཡང་ན་ཕྱི་རྒྱལ་གྱི་གསར་ལམ་ཁག་ལ་འབར་མའི་འོས་བསྡུའི་སྐོར་གནས་ཚུལ་བཀོད་སྤེལ་བྱེད་མ་མཆོག་པའི་དམ་དྲག་བྱས་པ་རང་གིས་འབར་མའི་རྒྱལ་ཡོངས་འོས་བསྡུ་དེ་བཞིན་ཕྱོགས་ལྷུང་ཅན་ཞིག་ཡིན་པ་དངོས་སུ་ར་འཕྲོད་ཐུབ་ཡོག་རེད་ཅེས་ནིའུ་ཛི་ལེན་གྱི་ཕྱི་འབྲེལ་བློན་ཆེན་མ་རི་མེཀ་ཀ་ལི་ཡིས་སྐྱོན་བརྗོད་གནང་འདུག།

དེ་བཞིན་འབར་མའི་འོས་བསྡུའི་མཐའ་མའི་གྲུབ་འབྲས་དང་གཞུང་གསར་འཛུགས་བཅས་ཀྱི་ཐད་ནིའུ་ཛི་ལེན་གཞུང་གིས་ཟབ་ནན་ལྟ་ཞིབ་གནང་རྒྱུ་ཡིན་སྐོར་གསུངས་ཏེ། འབར་མའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་མིན་དེ་གཞུང་གང་འདྲ་ཞིག་སླེབ་མིན་ལ་རག་ལུས་ཡོད་སྟབས། ནིའུ་ཛི་ལེན་ངོས་ནས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱ་སྤྱིའི་ཡུལ་ཁག་ཚོ་དང་མཉམ་འབྲེལ་གནང་བའི་ཐོག་ནས་ འབར་མའི་ཆབ་སྲིད་ཀྱི་གནས་སྟངས་ཡར་རྒྱས་འགྲོ་རྒྱུ་དང༌། ཆབ་སྲིད་བཙོན་པ་ཚོ་གློད་བཀྲོལ་ཡོང་ཐབས། འབར་མའི་ནང་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་གཞུང་འཛིན་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་འགྲོ་རྒྱུ་བཅས་ཀྱི་དམིགས་ཡུལ་འགྲུབ་ཐབས་ཀྱི་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་བཞག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎