བལ་ཡུལ་ནང་རྒྱ་མི་ལས་ཀ་བ་མང་པོ་ཡོང་བར་བརྟེན་བལ་པོའི་གཞོན་སྐྱེས་ཚོར་ལས་ཀ་མི་རག་པའི་དཀའ་ངལ་འཕྲད་བཞིན་འདུག
རྒྱ་ནག་གཞུང་གིས་བལ་ཡུལ་ནང་རྒྱ་རིགས་ངལ་རྩོལ་བ་མང་པོ་བཏང་བའི་རྐྱེན་གྱིས་བལ་པོའི་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
- 2022-06-03
-
-
-
དེ་ཡང་(Khabar Hub)་ཞེས་པའི་བལ་ཡུལ་གྱི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། བལ་ཡུལ་གྱི་རྒྱལ་ས་ཀ་ཐཱ་མན་ཀྲོའུ་ནས་བལ་ཡུལ་ལྷོ་ཕྱོགས་ས་ཁུལ་(Tarai)་ཞེས་པའི་བར་(National Pride Project)་འམ་བལ་ཡུལ་རྒྱལ་ཡོངས་ཀྱི་སྤོབས་པའི་ལས་གཞི་ཟེར་བའི་ལམ་བཟོའི་འཛུགས་བསྐྲུན་གཞི་རྒྱ་ཆེན་པོ་ཞིག་བྱེད་བཞིན་པའི་ནང་། རྒྱ་ནག་ནས་ཡོང་བའི་རྒྱ་མི་ལས་ཀ་བ་ཧ་ཅང་མང་པོར་ལས་ཀ་སྤྲོད་ཀྱི་ཡོད་པ་དང་། བལ་པོའི་ཡུལ་མི་འཕྲུལ་ཆས་ཆེད་ལས་པ་འགའ་ཤས་ལ་མ་གཏོགས་ལས་ཀ་སྤྲད་མེད་པ་འདི་ལོའི་ཕྱི་ཟླ་བཞི་བའི་ནང་མངོན་གསལ་བྱུང་བ་དང་། ལྷག་པར་རྒྱ་ནག་གཞུང་གིས་བལ་ཡུལ་ནང་འཛུགས་སྐྲུན་གྱི་ལས་གཞི་ཁག་ལ་ཁ་གཡར་ནས་རྒྱ་མི་ངལ་རྩོལ་བ་མང་པོ་བལ་ཡུལ་ནང་ཁྲིད་ཡོང་བའི་རྐྱེན་གྱིས་བལ་ཡུལ་གྱི་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་མ་ཐོབ་པའི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་འདུག
འཛུགས་སྐྲུན་ལས་གཞིའི་ནང་ལས་ཀ་བྱེད་བཞིན་པའི་རྒྱ་མི་ངལ་རྩོལ་བ་ག་ཚོད་ལ་བལ་ཡུལ་ནང་ལས་ཀ་བྱེད་ཆོག་པའི་ཆོག་མཆན་ཐོབ་ཡོད་མེད་ད་ལྟ་ཤེས་རྟོགས་བྱུང་མེད་པ་དང་། འཛུགས་སྐྲུན་ལས་གཞི་དེའི་དོ་དམ་པ་དང་བལ་ཡུལ་གཞུང་གིས་ལས་གཞི་དེའི་ནང་ཕྱི་རྒྱལ་གྱི་འཕྲུལ་རིག་པ་ག་ཚོད་ལ་ལས་ཀ་སྤྲད་ཡོད་མེད་ཁ་གསལ་བཏོན་མིན་འདུག
གོང་ཞུས་རྒྱུ་མཚན་དེ་དག་ལ་བརྟེན་ནས་བལ་ཡུལ་གྱི་གཞོན་སྐྱེས་སྤྱི་དང་། ལྷག་དོན་དུ་འཆར་འགོད་པ་མང་པོ་ཞིག་གི་ལས་ཀ་ཕྱི་མིར་ཤོར་བར་བརྟེན་ནས་ཁོང་ཚོ་ཕྱིའི་རྒྱལ་ཁབ་ཁག་ལ་འཚོ་རྟེན་ཆེད་མ་སྐྱོད་ཐབས་མེད་ཆགས་ཀྱི་ཡོད་འདུག
ཕྱི་ལོ་༢༠༡༥ལོར་སྐབས་དེའི་བལ་ཡུལ་གྱི་སྲིད་བློན་(K P Sharma Oli)་རྒྱ་ནག་ནང་ཕེབས་སྐབས་བལ་ཡུལ་ནང་འཛུགས་བསྐྲུན་ཐབས་ཇུས་ཀྱི་ལས་གཞི་སྣ་མང་ཐད་གྲོས་མཐུན་བཞག་ཡོད་ཀྱང་། རྗེས་སུ་བལ་ཡུལ་གྱི་ངོས་ནས་གྲོས་མཐུན་དེ་དག་དོན་འབྲས་སྨིན་པ་ཞིག་བྱུང་མེད་སྐོར་གསུངས་པ་མ་ཟད། བལ་ཡུལ་གྱི་འཆར་འགོད་ལྷན་ཚོགས་ཀྱི་གཙོ་འཛིན་(Dr. Jagdish Chandra Poudrel)་ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གི་ཕྱོགས་ནས་ཁས་ལེན་བྱས་པ་ཁག་བསྐྱར་བཤད་ཡང་བཤད་བྱས་པ་མ་གཏོགས་མཇུག་སྐྱོང་དང་དོན་དུ་འཁེལ་བའི་ལས་དོན་སྤེལ་མེད་སྐོར་སྐྱོན་བརྗོད་གནང་བ་དང་སྦྲགས། བལ་ཡུལ་གཞུང་གི་ངོས་ནས་ཀྱང་དེར་གདོང་ལེན་བྱེད་ཀྱི་མེད་སྐོར་སྐྱོན་བརྗོད་གནང་ཡོད་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།