བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་ཐོག་གྲོས་ཆོད་དོན་ཚན་བཅུ་བཞག་འདུག
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་སྟེང་གྲོས་ཆོད་དོན་ཚན་བཅུ་བཞག་ནས་ཚོགས་ཆེན་མཇུག་སྒྲིལ་འདུག
- 2023-09-05
-
-
-
Your browser doesn’t support HTML5 audio
དེ་ཡང་འདི་ཚེས་༤བར་ཉིན་གྲངས་གསུམ་རིང་ཁེ་ཎ་ཌར་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༢༡པ་ཚོགས་ནས་མཇུག་སྒྲིལ་ཡོད་པ་དང་། ཚོགས་ཆེན་སྐབས་སྔར་ལོའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་། ད་ཐེངས་གྲོས་ཆོད་དོན་ཚན་བཅུ་ཙམ་གཏན་འབེབ་གནང་བ་བཞིན། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཆེད་ཞབས་རིམས་གསོག་སྒྲུབ་གནང་རྒྱུ་དང་། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཐུན་མོང་ནས་བོད་མིའི་བླ་ན་མ་མཆིས་པའི་སྐྱབས་གནས་སྤྱི་ནོར་༧གོང་ས་མཆོག་དགུང་གྲངས་དགུ་བཅུའོ་གྱ་སྟོན་སྐབས་བརྟན་བཞུགས་འདེགས་འབུལ་གནང་རྒྱུ། སྤྱི་མཐུན་ཚོགས་པ་ཚོས་ས་གནས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་དང་འབྲེལ་མཐུད་ཡག་པོ་གནང་ཐུབ་པ། བོད་པའི་ཆོས་དང་རིག་གཞུང་མི་རབས་གཞོན་པ་རྣམས་ཀྱིས་རྒྱུན་འཛིན་སླད་གཞོན་སྐྱེས་རྣམས་ལ་གོ་སྐབས་དང་སྡིངས་ཆ་གང་མང་བསྐྲུན་རྒྱུ། རྒྱལ་བའི་ཐུགས་སྐྱེད་དམ་བཅའ་བཞིའི་གོ་རྟོགས་སྤེལ་རྒྱུ། དང་བླངས་དཔྱ་དངུལ་དང་འབྲེལ་བའི་དཀའ་ངལ་དང་བོད་མི་གང་མང་གིས་ཆ་ཤས་ལེན་རྒྱུར་མཐུན་རྐྱེན་སྦྱོར་དགོས་པ་བཅས་ཡིན་པ་ཨོན་ཏྲེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་གླང་དཀར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
བྱང་ཨ་རིའི་སྤྱི་མཐུས་བསྟན་འཛིན་འཇིགས་མེད་ལགས་གྱིས། ཚོགས་ཆེན་དེ་ལྟ་བུ་བརྒྱུད་གནད་དོན་མང་པོ་ཞིག་གི་ཐོག་གོ་བསྡུར་གནང་བ་དང་། ས་གནས་ཚོགས་པ་ཁག་ལ་གོ་སྐབས་དང་གདོང་ལེན་གནང་དགོས་པའི་གནས་སྟངས་བཅས་ཚོགས་ཆེན་ཡག་པོ་བྱུང་བ་གསུངས་བྱུང་།
ཚོགས་ཆེན་གྱི་གྲོས་ཆོད་དང་འབྲེལ་མ་འོངས་པར་ཕྱག་ལས་གནང་ཕྱོགས་དང་། གྲོས་ཆོད་ལག་བསྟར་གནང་ཐུབ་པར་མི་མང་ནས་མཉམ་ཞུགས་མཉམ་ལས་གནང་ཐུབ་ཚེ་གྲོས་ཆོད་རྣམས་སྒྲུབ་ཐུབ་པ་རྐྱང་ཡིན་སྐོར་དང་། ཕྱོགས་ཡོང་ནས་ཚོགས་ཆེན་དེ་བརྒྱུད་ཁ་ཐོར་བོད་མིའི་ཚོགས་པ་དང་མི་མང་། དབུས་བོད་མིའི་སྒྲིག་འཛུགས་བཅས་ལ་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་ལ་མ་ཎི་སོ་ཌ་བོད་རིགས་སྤྱི་མཐུན་ཚོགས་པའི་བརྒྱུད་ལམ་འབྲེལ་མཐུད་པ་སྐལ་བཟང་ནོར་བུ་ལགས་ཀྱིས་གསུངས་བྱུང་།
ཡང་ཚོགས་ཆེན་གྱི་གྲོས་ཆོད་དང་འབྲེལ། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་གནས་སྟངས་འདྲ་མིན་ཡིན་དུས་སྤྱི་མཐུན་ཚོགས་པ་ཁག་གི་བདེ་སྡུག་དང་འབྲེལ་བའི་སྐོར་ལ་གྲོས་གཞི་དང་གྲོས་ཆོད་གང་མང་གནང་གལ་ཆེ་བའི་སྐོར་སོགས་ཕོརཊི་ལན་ཌ་ས་གནས་ཚོགས་གཙོ་ཕྱོར་ཚང་འཇམ་དབྱངས་བཀྲ་ཤིས་ལགས་ཀྱིས་གསུངས་བྱུང་།
ཚོགས་ཆེན་སྐབས་བོད་ནང་རྒྱ་ནག་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་གནས་སྟངས་སྐོར་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་ངོ་སྤྲོད་གཏམ་བཤད་གནང་བ་དང་། དེ་བཞིན་བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ལ་བསྔགས་བརྗོད་དང་མཇལ་དར་ཕུལ་བ་སོགས་གནང་འདུག
བྱང་ཨ་རིའི་ནང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་༣༠་ལྷག་ཡོད་པ་ནས། ད་ཐེངས་ཚོགས་ཆེན་ཐེངས་༢༡པར་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་༡༩ཡི་སྐུ་ཚབ་ཕེབས་ཡོད་པ་དང་། ལོ་རྗེས་མའི་ཚོགས་ཆེན་དེ་བཞིན་སན་ཧྤུ་རེན་སེ་སི་ཀོ་དུ་འཚོགས་གཏན་འཁེལ་ཡོད་འདུག
གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།