འབར་མ་མང་གཙོ་ཚོགས་པའི་ཚོགས་གཞོན་གློད་བཀྲོལ་བཏང་བ།
2010.02.13
༄༅༎འབར་མའི་དྲག་པོའི་གཞུང་གིས་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲིན་ཨུ་ཞུ་བ་ཁ་ས་བཟང་བཙོན་འོག་ནས་གློད་བཀྲོལ་བཏང་ཡོད་པ་རེད་ ད་ཆ་དགུང་ལོ་༨༣ལ་སོན་པའི་ཀྲིན་ཨུ་ཞུ་བ་དེ་ཉིད་འབར་མའི་དྲག་པོའི་གཞུང་གིས་ཁྲིམས་གཏུགས་ཞིབ་བཤེར་སོགས་གང་ཡང་མ་བྱས་པར་ཕྱི་ལོ་༢༠༠༣ལོ་ནས་བཟུང་ཁ་ས་ཁོང་གི་བཙོན་འཇུག་དུས་ཡུན་ཆ་ཚང་མ་རྫོགས་བར་བཟང་བཙོན་འོག་ཏུ་བཞག་ཡོད་པ་རེད་
ཕྱི་ལོ་༢༠༠༣ལོར་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུ་ཅི་མཆོག་དང་ཚོགས་གཞོན་སྐུ་ཞབས་ཀྲིན་ཨུ་ཞུ་བ་རྣམ་གཉིས་ཀྱིས་འབར་མའི་རྒྱལ་ས་རྙིང་པ་ཡང་གོན་བརྒྱུད་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་སྐབས་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད་ འབར་མའི་གཞུང་གིས་ཁོང་བཟང་བཙོན་འོག་ནས་གློག་བཀྲོལ་གཏང་སྐབས་ད་ནས་བཟུང་རྒྱལ་ཁབ་ཀྱི་བརྟན་ལྷིངས་ལ་བརྡབས་གསིག་གཏོང་རྒྱུའི་ལས་འགུལ་རིགས་སྤེལ་ཆོག་གི་མ་རེད་ཅེས་ཆ་རྐྱེན་སྤྲད་ཡོད་པ་རེད་ ཁོང་བཟང་བཙོན་འོག་ནས་གློད་བཀྲོལ་བཏང་བ་ནི་ ཕྱོགས་གཅིག་ནས་འབར་མའི་དྲག་པོའི་གཞུང་གིས་རྒྱལ་སྤྱིའི་གནོན་ཤུགས་ཁག་ལ་ཉན་འཇོག་བྱ་བའི་རྣམ་འགྱུར་བསྟན་པ་དང་ཡང་གཞུང་གི་སྲིད་བྱུས་དང་ཐ་དད་ རང་དབང་ཅན་གྱི་ལྟ་གྲུབ་འཛིན་མཁན་ཚོའི་ཐོག་དྲག་གནོན་མུ་མཐུད་བྱེད་པའི་འཇམ་སྩུབ་ཟུང་སྦྲེལ་གྱི་སྲིད་བྱུས་བཟུང་བའི་བརྡ་འཕྲིན་སྣ་ཚོགས་ཤིག་འགྲེམས་སྟོན་བྱེད་པ་མཚོན་གྱི་ཡོད་པ་རེད་ཅེས་གནད་དོན་ཞིབ་འཇུག་པ་ཚོས་བརྗོད་ཀྱི་ཡོད་པ་རེད།།