བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་༧གོང་ས་མཆོག་གི་དགོངས་གཞི་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ལ་ཡོ་རོབ་ནང་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་འདུག

དེ་ཡང་བདེ་སྐྱིད་ཀྱི་ཤེས་རབ་(Wisdom of Happiness)་ཅེས་པའི་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་དང་འབྲེལ་བའི་དངོས་བྱུང་གློག་བརྙན་དེ་སྔར་ལོའི་སྤྱི་ཟླ་༡༠པའི་ནང་(Zurich)་གློག་བརྙན་དུས་སྟོན་ཐོག་ཐེངས་དང་པོར་གཟིགས་འབུལ་ཞུས་པའི་རྗེས། ཡོ་རོབ་ཀྱི་རྒྱལ་ཁབ་སུད་སི་དང་ཇར་མན་སོགས་ཀྱི་གློག་བརྙན་ཁང་ཁག་ནང་གཟིགས་འབུལ་ཞུས་སྐབས་ལྟད་མོ་བ་ཚོས་དགའ་བསུ་ཆེན་པོ་ཐོབ་ནས་མུ་མཐུད་དུ་གཟིགས་འབུལ་ཞུ་བཞིན་ཡོད་པ་རེད།
དངོས་བྱུང་གློག་བརྙན་དེ་ནི་(Autlook Filmsales)་ཞེས་པའི་དངོས་བྱུང་གློག་བརྙན་ཚོང་ལས་ཁང་དེས་གཟིགས་འབུལ་གྱི་ཚོང་ཚབ་གནང་བཞིན་ཡོད་པ་དང་། གློག་བརྙན་དེ་རིམ་པས་ཡོ་རོབ་ཀྱི་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་གནང་གི་ཡོད་པ་རེད་ལ། གཞན་ལ་ཊེན་(Latin)་ཨ་མི་རི་ཀ་དང་ཨ་རིའི་ནང་གཟིགས་འབུལ་ཐད་ཀྱི་གོ་བསྡུར་འགྲོ་བཞིན་ཡོད་པ་རེད།
སྔ་ལོའི་སྤྱི་ཟླ་༡༠པའི་ནང་བདེ་སྐྱིད་ཀྱི་ཤེས་རབ།ཅེས་པའི་༧གོང་ས་མཆོག་གི་དགོངས་གཞི་དང་འབྲེལ་བའི་དངོས་བྱུང་གློག་བརྙན་དེ་སུད་སིར་གཟིགས་འབུལ་འགོ་འཛུགས་གནང་བའི་རྗེས། (Ascot Elite)་ཞེས་པའི་གློག་བརྙན་ཁང་གིས་ད་བར་འཛིན་བྱང་ཁྲི་༧ལྷག་བཙོང་ཟིན་ཡོད་པ་རེད་ལ། གློག་བརྙན་དེ་གཟིགས་འབུལ་འགོ་བཙུགས་ནས་གཟའ་འཁོར་བདུན་གྱི་ནང་གློག་བརྙན་བལྟ་མཁན་ཆེས་མང་ཤོས་༡༠ཡི་ནང་ཡོད་པ་དང་། སྒྱུ་རྩལ་གློག་བརྙན་གྱི་ཨང་རིམ་གསུམ་པར་ཡོད་པ་རེད།

སྔ་ལོའི་སྤྱི་ཟླ་༡༢ བའི་ཚེས་༩ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེའི་དགོངས་གཞི་དང་འབྲེལ་བའི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་(Nancy Pelosi)་མཆོག་དང་། ཨ་མི་རི་ཀའི་ཧོ་ལེ་ཝོ་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་། བོད་དོན་རྒྱབ་སྐྱོར་བ་རི་ཆརཌི་གྷིཡར་(Richard Gere)་ལགས། ༧སྐུའི་གཅུང་མོ་རྗེ་བཙུན་པདྨ་ལགས སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་བཅས་ཀྱང་ཕེབས་ཞུགས་གནང་ཡོད་པ་དང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་ལ་གཟིགས་འབུལ་ཞུས་པ་དེ་རྒྱལ་སྤྱིའི་སྡིང་ཆ་ཆེ་གྲས་ནང་ལ་གཟིགས་འབུལ་ཞུས་པ་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་འདུག སྐབས་དེར་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་འཁྲབ་ཁྲིད་པ་ཧྥི་ལིཔི་ཌེ་ལ་ཁུཝིསི་ལགས་ཀྱིས་གློག་བརྙན་འདིས་མི་མང་པོར་བོད་དོན་ངོ་སྤྲོད་བྱེད་པར་ཕན་རླབས་བྱུང་ཞིང་། མི་མང་པོ་ཞིག་ལ་བོད་ཟེར་དུས་གནས་ཚུལ་གསར་པ་ཞིག་རེད་འདུག་ལ། ང་རང་སྒེར་ལ་མཚོན་ནའང་། ལས་ཀ་འདི་བྱེད་སྐབས་སེམས་ལྷོད་དུ་བབས་རྒྱུ་དང་དོན་དག་ཡག་པོ་ཞིག་གི་ཆེད་དུ་ལས་ཀ་བྱེད་རྒྱུའི་འདུན་པ་སླེབས་པར་ཕན་ཐོགས་བྱུང་ཞེས་གསུངས་བྱུང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པ་གློག་བརྙན་དེ་དངོས་བྱུང་གི་གློག་བརྙན་ཞིག་ཡིན་པ་གང་ཞིག་ལ། གློག་བརྙན་དེའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་ཡངས་པོའི་ཐོག་ནས་འཛམ་བུ་གླིང་སྤྱི་ལ་ཞབས་འདེགས་དང་ལེགས་སྐྱེས་སྒྲུབ་པའི་ཆེད་དུ་འཛམ་གླིང་ཞི་བདེ་བསྐྲུན་ཐབས་དང་། ཆོས་ལུགས་འཆམ་མཐུན། དེ་བཞིན་གོ་ལའི་ཁོར་ཡུག་གི་གནས་བབས་བཅས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཐབས། དེའི་ཐད་དགོངས་པ་གཏིང་ཟབ་བཞེས་བའི་ཐོག་ནས་ལག་ལེན་ཁྱབ་སྤེལ་མཛད་ཐབས་སོགས་ཡོད་པ་རེད།།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།