ཨ་རིའི་རྒྱལ་སར་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་༧གོང་ས་མཆོག་གི་དགོངས་གཞི་དང་འབྲེལ་བའི་དངོས་བྱུང་གློག་བརྙན་གཟིགས་འབུལ་གནང་སོང་།

དེ་ཡང་སྤྱི་ཟླ་༡༢ བའི་ཚེས་༩ ཉིན་གྱི་དགོང་མོ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་བདེ་སྐྱིད་ཀྱི་ཤེས་རབ་(Wisdom of Happiness)ཅེས་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེའི་དགོངས་གཞི་དང་འབྲེལ་བའི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་(Nancy Pelosi)་མཆོག་དང་། ཨ་མི་རི་ཀའི་ཧོ་ལེ་ཝོ་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་། བོད་དོན་རྒྱབ་སྐྱོར་བ་རི་ཆརཌི་གྷིཡར་(Richard Gere)་ལགས། ༧སྐུའི་གཅུང་མོ་རྗེ་བཙུན་པདྨ་ལགས སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་བཅས་ཀྱང་ཕེབས་ཞུགས་གནང་ཐོག བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་རྒྱལ་ཡོངས་ལོ་འཁོར་ཚོགས་ཆེན་ཐོག་ཕེབས་པའི་འཐུས་མི་བཅས་མི་གྲངས་༡༥༠ ལྷག་འདུ་འཛོམས་ཀྱིས་གཟིགས་འབུལ་ཞུས་སོང་། ད་རེས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་ལ་གཟིགས་འབུལ་ཞུས་པ་དེ་རྒྱལ་སྤྱིའི་སྡིང་ཆ་ཆེས་གྲས་ནང་ལ་གཟིགས་འབུལ་ཞུས་པ་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་འདུག
གློག་བརྙན་གཟིགས་འབུལ་སྐབས་དངོས་སུ་ཕེབས་པའི་གློག་བརྙན་འཁྲབ་ཁྲིད་པ་ཧྥི་ལིཔི་ ཌེ་ལ་ཁུཝིསི་(Philip Delaquis)་ལགས་ཀྱིས། ༧སྐུའི་གཅུང་མོ་རྗེ་བཙུན་པདྨ་ལགས་ཀྱིས་གསུངས་པ་བཞིན་དུས་ཚོད་ཏག་ཏག་ཅིག་ལ་གློག་བརྙན་རན་འཚམས་ཤིག་བཟོས་པ་ཞིག་ཡིན་པ་གསུངས་པ་ལྟར། མི་མང་ཚོས་༧གོང་ས་མཆོག་གི་ལམ་སྟོན་འདི་ལྟར་མཇལ་བར་དགའ་གུས་ཆེན་པོ་གནང་གི་འདུག་ལ། གློག་བརྙན་འདི་སུད་སི་ནང་དུ་མི་མང་སྤྱི་བྱིངས་ལ་གཟིགས་འབུལ་ཞུས་ཏེ་ད་སྐབས་ཀྱི་གློག་བརྙན་གྲགས་ཆེ་ཤོས་གསུམ་པར་ཚུད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༡༠ ནས་བཟུང་ཡོ་རོབ་གྱི་(Greece)་ནང་གཟིགས་འབུལ་འགོ་འཛུགས་བྱེད་ཀྱི་ཡོད་ཅིང་། རིམ་བཞིན་ཉི་འོང་སོགས་འཛམ་གླིང་ཡུལ་གྲུ་གང་སར་གཟིགས་འབུལ་ཞུ་གི་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་དྭང་ལེན་གནང་སྟེ་གསུངས་བྱུང་།
གློག་བརྙན་གཟིགས་འབུལ་གྱི་མཛད་སྒོའི་ཐོག་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་འཁྲབ་ཁྲིད་པ་ ལྕམ་སྦར་སྦ་ར་ མི་ལར་ (Barbara Miller)ཀྱང་ཕེབས་འདུག་ལ། ཁོང་གིས། གློག་བརྙན་འདི་གཟིགས་པར་ཕེབས་མཁན་ཚོ་གཟིགས་མོ་ནས་མར་ཐོན་དུས་སེམས་འགུལ་ཐེབས་པ་དང་། འཛམ་གླིང་ནང་གནས་སྟངས་སྡུག་པོ་བྱུང་བཞིན་པ་འདི་དག་སེལ་ཆེད་དུ་ལས་དོན་ཞིག་བསྒྲུབ་སྙམ་པའི་སྐུལ་སློང་བཅངས་ཏེ་ཐོན་གྱི་འདུག་པས། མང་ཚོགས་ཁྲོད་ནས་དགའ་མོས་བྱེད་ཀྱི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་གློག་བརྙན་འཁྲབ་ཁྲིད་པ་ཧྥི་ལིཔི་ ཌེ་ལ་ཁུཝིསི་ལགས་ཀྱིས་མུ་མཐུད་གསུངས་དོན། གློག་བརྙན་འདིས་མི་མང་པོར་བོད་དོན་ངོ་སྤྲོད་བྱེད་པར་ཕན་རླབས་བྱུང་ཞིང་། མི་མང་པོ་ཞིག་ལ་བོད་ཟེར་དུས་གནས་ཚུལ་གསར་པ་ཞིག་རེད་འདུག་ལ། ང་རང་སྒེར་ལ་མཚོན་ནའང་། ལས་ཀ་འདི་བྱེད་སྐབས་སེམས་ལྷོད་དུ་བབས་རྒྱུ་དང་དོན་དག་ཡག་པོ་ཞིག་གི་ཆེད་དུ་ལས་ཀ་བྱེད་རྒྱུའི་འདུན་པ་སླེབས་པར་ཕན་ཐོགས་བྱུང་ཞེས་གསུངས་བྱུང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བདེ་སྐྱིད་ཤེས་རབ་ཅེས་པ་གློག་བརྙན་དེ་དངོས་བྱུང་གི་གློག་བརྙན་ཞིག་ཡིན་པ་གང་ཞིག་ལ། གློག་བརྙན་འདིའི་ནང་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་ཡངས་པོའི་ཐོག་ནས་འཛམ་བུ་གླིང་སྤྱི་ལ་ཞབས་འདེགས་དང་ལེགས་སྐྱེས་སྒྲུབ་པའི་ཆེད་དུ། འཛམ་གླིང་ཞི་བདེ་བསྐྲུན་ཐབས། ཆོས་ལུགས་འཆམ་མཐུན། དེ་བཞིན་གོ་ལའི་ཁོར་ཡུག་གི་གནས་བབས་བཅས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཐབས། དེའི་ཐད་དགོངས་པ་གཏིང་ཟབ་བཞེས་བའི་ཐོག་ནས་ཁྱབ་སྤེལ་མཛད་པ་ཁག་འདིའི་ནང་ལ་ངོ་སྤྲོད་ཞུས་ཡོད་རེད།
ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དངོས་བྱུང་མཛད་རྣམ་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་སྐབས་གཟིགས་མོར་བཅར་མཁན་ཁག་ཅིག་ལ་བཀའ་དྲི་ཞུས་པར། བྱང་ཁེ་ལི་ཧྥོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་སྐལ་བཟང་རྡོ་རྗེ་ལགས་ཀྱིས། གློག་བརྙན་འདིས་མ་འོངས་གཞོན་སྐྱེས་མི་རབས་ཚོར་བློ་བསྐྱེད་སྐྲུན་པར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་རྒྱུ་རེད་ཅེས་གསུངས་བྱུང་།

གཞན་ཝར་ཇི་ནི་ཡ་ནས་ཡིན་པའི་བསྟན་འཛིན་ཆོས་འཛོམས་ལགས་ཀྱིས། གློག་བརྙན་འདིར་བལྟས་རྗེས་ཉིན་ལྟར་ང་རང་བོད་མི་ཅིག་ཡིན་པ་སེམས་ནང་འཇོག་དགོས་པ་དྲན་སྐུལ་བྱས་བྱུང་ཞེས་གསུངས་པ་དང་། ཡང་བསྟན་འཛིན་ནོར་འཕེལ་ལགས་ཀྱིས་གློག་བརྙན་འདི་ནས་སེམས་ཚོར་ལ་སྟངས་འཛིན་བྱེད་སྟངས་གི་བསླབ་བྱ་ཡག་ཤོས་ཤིག་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག
གློག་བརྙན་དེ་ཐོག་མར་ཨ་མི་རི་ཀའི་ཧོ་ལེ་ཝོ་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་། བོད་དོན་རྒྱབ་སྐྱོར་བ་རི་ཆརཌི་གྷིཡར་(Richard Gere)་ལགས་གཙོས་བཟོ་བསྐྲུན་གནང་མཁན་དང་སྦྱིན་བདག་རྣམ་པ་ཚང་མ་འཛོམས་པའི་ཐོག་ནས། འདི་ལོའི་ཕྱི་ཟླ་༡༠ ནང་སུད་སི་གྲོང་ཁྱེར་ཛུ་རིག་(Zurich)་གློག་བརྙན་དུས་སྟོན་ཐོག་ཆེས་ཐོག་མར་གཟིགས་འབུལ་ཞུས་ཡོད་པ་རེད། དེ་རྗེས་ཨ་རིའི་ནེའུ་ཡོག་མངའ་སྡེའི་ ཝུཌ་སིཊོཀ་ (Woodstock)་དང་། ཉེ་ཆར་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་གློག་བརྙན་དུས་སྟོན་སྐབས་ལ་གཟིགས་འབུལ་ཞུས་ཡོད་པ་དང་། ད་རེས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཊི་སི་ནང་ལ་གཟིགས་འབུལ་ཞུས་ཡོད་པ་རེད།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས། པ་སངས་དོན་ལྡན། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།