དེང་དུས་ཀྱི་ཚན་རིག་དང་བྱིས་པའི་ཀློག་རྩལ་གྱི་སྒྲ་སྒྱུར་ཟབ་སྦྱོང་།
2014.08.18

སྦིར་ཤེས་རབ་གླིང་དགོན་པར་དེང་དུས་ཀྱི་ཚན་རིག་དང་ལྡི་ལིར་བྱིས་པའི་ཀློག་རྩལ་གྱི་སྒྲ་སྒྱུར་ཟབ་སྦྱོང་ཚོགས་གནང་བཞིན་པ་ཡིན་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་ཐབས་དང་། ༢༠༡༣་ལོར་དཔལ་ལྡན་རྒྱུད་སྟོད་གྲ་ཚང་ལ་སྐོང་ཚོགས་གནང་བའི་བོད་བརྒྱུད་ནང་བསྟན་བཤད་སྒྲུབ་བསྟན་པ་གོང་འཕེལ་ལྷན་ཚོགས་ཀྱིས་གྲོས་ཆོད་བཞག་གནང་བ་ཁག་ཕྱག་ལེན་བསྟར་རྒྱུར་དམིགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་བཞུཌ་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་གཉིས་ཟུང་འབྲེལ་ཐོག་ཆོས་བརྒྱུད་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་གི་དབུ་མའི་བསླབ་པ་ཟིན་པའམ་ཉུང་མཐར་ཡང་ལོ་བཅུ་ལྷག་རིང་སློབ་གཉེར་གནང་མྱོང་མཁན་གྲ་བཙུན་༢༥་ཙམ་ལ་སྦིར་དཔལ་སྤུངས་ཤེས་རབ་གླིང་ལ་དེང་དུས་ཀྱི་ཚན་རིག་གི་ཟབ་སྦྱོང་ཞིག་འདི་ཟླའི་ཚེས་༡༦་ཉིན་དབུ་འཛུཊ་གནང་འདུག ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་ཏའི་སི་ཏུ་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོར་དབུ་བཞུགས་གནང་སྟེ་སྣང་གསལ་ཞལ་འབྱེད་དང་ཤེས་རབ་གླིང་གི་ཆོག་གྲ་ནས་ཤིས་བརྗོད་དང་བདེན་ཚིག་སྨོན་ལམ་སོགས་གསུང་འདོན་གནང་བ་མ་ཟད། ཏ་ཡི་སི་ཏུ་རིན་པོ་ཆེ་མཆོག་གིས་ཐེངས་འདིར་དཔལ་སྤུངས་ཤེས་རབ་གླིང་ལ་ཟབ་སྦྱོང་དེ་སྐོང་ཚོགས་གནང་བར་མཐུན་འགྱུར་རོགས་ཞུས་པ་དེ་དག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་རྒྱུའི་ཞབས་འདེགས་ཡིན་པ་སོགས་ཀྱི་གསུང་བཤད་གནང་འདུག ཟབ་སྦྱོང་འདིར་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་དགོན་སྡེ་༢༣་ནས་བཙུན་པ་༡༩་དང་བཙུན་མ་༦་ལྷན་བཞུགས་གནང་འདུག་ལ་སློབ་ཚན་ཁག་ནི་དངོས་ཁམས་རིག་པ་དང་སྐྱེ་དངོས་རིག་པ། དབང་རྩའི་ཚན་རིག ཨང་རྩིས་བཅས་ངོ་སྤྲོད་གནང་རྒྱུའི་ལས་རིམ་ཡོད་པ་དང་དེ་རིང་ཕྱི་ཚེས་༡༨་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ནང་ཆོས་དང་ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག ཟབ་སྦྱོང་དེ་བཞིན་འདི་ཟླའི་ཚེས་༣༠་ཉིན་མཇུག་སྒྲིལ་གནང་འཆར་འདུག

དེ་བཞིན་ཡང་ཟླ་བ་འདིའི་ཚེས་ ༡༤ ནས་ ༡༦ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ལྡི་ལི་བསམ་ཡས་གླིང་བདེ་སྐྱིད་ཚོགས་ཁང་དུ་བྱིས་པའི་ཀློག་རྩལ་གྱི་སྒྲ་སྒྱུར་ཟབ་སྦྱོང་ཞིག་སྐོང་ཚོགས་གནང་ཡོད་པ་དང་། དེ་ནི་ཤེས་རིག་ལས་ཁུངས་ནས་བྱིས་པའི་ཀློག་རྩལ་ཡར་རྒྱས་གཏོང་ཕྱོགས་ཐད་སློབ་གྲྭའི་དཔེ་མཛོད་དགེ་རྒན་དང་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཀློག་རྩལ་སློབ་ཐབས་ཀྱི་ཟབ་སྦྱོང་དང་། སློབ་གྲྭ་ཁག་གི་དཔེ་མཛོད་ཡར་རྒྱས། འཛིན་གྲྭའི་ནང་དཔེ་དེབ་མཐུན་སྦྱོར་ཞུ་རྒྱུ། དམའ་རིམ་སློབ་མ་རྣམས་ཀྱི་ཆེད་བྱིས་སྒྲུང་རྩོམ་འབྲི་དང་སྐད་ཡིག་གཞན་ལས་བྱིས་སྒྲུང་ཡིག་སྒྱུར་བྱ་རྒྱུ་སོགས་ལས་འཆར་སྣ་མང་ཞིག་སྤེལ་དང་སྤེལ་གནང་མུས་ཡིན་ཞིང་། ཐེངས་འདིའི་བྱིས་སྒྲུང་སྒྲ་སྒྱུར་གྱི་ཟབ་སྦྱོང་ཡང་དེའི་ཆ་ཤས་ཤིག་ཡིན་པ་རེད། ཐེངས་འདིའི་ཟབ་སྦྱོང་གྲུབ་རྗེས་དབྱིན་ཇི་དང་ཧིན་རྡི་སོགས་སྐད་ཡིག་གཞན་ཐོག་ཡོད་པའི་བྱིས་སྒྲུང་གང་མང་ཞིག་བོད་སྒྱུར་དང་དཔར་སྐྲུན་གནང་འཆར་ཡོད་པ་རེད།
གསར་འགོད་པ་བསོད་ནམས་ལྷ་མོ་དང་དབྱངས་སྒྲོལ།