སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་༢༧པ།
2013.10.27

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་ ༢༧ པ་དེ་བཞུགས་སྒར་རྡ་རམ་ས་ལར་དབུ་འཛུགས་གནང་འདུག
དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༢༨ ནས་ཕྱི་ཟླ་ ༡༡ ཚེས་ ༡ བར་ཉིན་ལྔའི་རིང་ལྷན་ཚོགས་གནང་རྒྱུའི་སེམས་དང་སྲོག་གི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི་འདོད་ཆགས་དང་། སྲེད་ཞེན། ངན་གོམས་སོགས་དེང་སྐབས་སྤྱི་ཚོགས་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་གདོང་ལེན་ཇི་ལྟར་བྱ་རྒྱུའི་ཐབས་ལམ་འཚོལ་ཐབས་སྐོར་བགྲོ་གླེང་གནང་རྒྱུ་ཡིན་འདུག དེ་ཡང་སེམས་དང་སྲོག་གི་བསྟི་གནས་ཁང་གིས་ཐེངས་འདིའི་བགྲོ་གླེང་ལྷན་ཚོགས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཚན་རིག་པས་འདོད་སྲེད་ཆགས་གསུམ་དང་ངན་གོམས་ཀྱི་དཀའ་ངལ་ཐོག་ཉམས་ཞིབ་རྒྱ་ཆེ་གནང་བའི་གནད་དོན་དེར། ཡེ་ཤུ་དང་ནང་ཆོས་ཀྱི་སྒོམ་སྒྲུབ་ཉམས་ལེན་པ་རྣམས་ལྷན་འཛོམས་ཐོག་བགྲོ་གླེང་གནང་བ་བརྒྱུད་དཀའ་ངལ་དེ་དག་གི་རྒྱུ་རྐྱེན་ངོ་མ་རྩད་གཅོད་ཀྱིས་སྲེད་པའི་རྒྱུ་ངོ་མ་ཇི་ཡིན་དང་། དེའི་རྣམ་པ་མི་འདྲ་བ་རྣམས་ངོས་འཛིན་པའི་ཐོག་ནས་སྨན་བཅོས་ཚད་དང་ལྡན་པ་ཞིག་ཡོང་རྒྱུའི་དམིགས་ཡུལ་ཡིན་པ་བཤད་འདུག
ཐེངས་འདིའི་ལྷན་ཚོགས་ནང་མཉམ་ཞུགས་གནང་མཁན་གྱི་མཁས་དབང་རྣམས་ནི་Kent Berridge ལགས་དང་། སེམས་ཁམས་རིག་པ་དང་ཀླད་ཁམས་རིག་པའི་མཁས་དབང་James Olds ལགས། ཝ་ཤིང་ཊོན་གཙུག་ལག་སློབ་གྲྭའི་སློབ་དཔོན་ལྕམ་ Sarah Bowen ལགས། ཀླད་ཁམས་རིག་པའི་མཁས་དབང་སྐུ་ཞབས་Richard J Davidson ལགས། སྐུའི་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། གཙུག་ལག་རམ་བྱམས་པ་Arthur Zajonc སོགས་ཕེབས་ཡོད་འདུག
སེམས་དང་སྲོག་གི་ལྟེ་གནས་ཁང་འདི་ནི་༧གོང་ས་མཆོག་དང་ཚན་རིག་པ་གྲགས་ཅན་དབར་ལོ་མང་རིང་ནང་པ་དང་ཚན་རིག་དབར་གྱི་ཕན་ཚུན་སྦྱང་བཤད་གོ་བསྡུར་རིམ་པ་གནང་སྟེ་ཚན་རིག་པ་སྤྱི་དང་ལྷག་པར་དུ་ཚོར་མྱོང་གི་ཐོག་དཔྱད་པ་བྱ་མཁན་ཀླད་ཁམས་དང་། རྩ་ཁམས། བསམ་བློའི་ཚན་རིག་པ་དང་། དངོས་ཁམས་ཚན་རིག་པ་ཆེས་མང་པོ་ཞིག་གིས་དོན་གཉེར་ཆེན་པོའི་ཐོག་ནས་བཙུགས་པ་ཞིག་ཡིན་ཞིང་། ༧གོང་ས་མཆོག་ནས་ཚོགས་པ་དེའི་ཆེས་མཐོའི་ཚོགས་གཙོའི་མཚན་གནས་བཞེས་གནང་ཡོད་པ་རེད།
ད་ཐེངས་ཀྱི་ཉིན་གྲངས་གསུམ་གྱི་ལྷན་ཚོགས་ཀྱི་ཚོགས་མཐུན་ཡོངས་རྫོགས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱ་ www.dalailama.com གྱི་་ཐོག་ཐད་ཀར་རྒྱང་བསྲིང་ཞུ་རྒྱུ་ཡིན་འདུག