དབུ་མའི་ལམ་ནི་བོད་རྒྱ་གཉིས་ཕན་གྱི་སྲིད་བྱུས་ཡིན། སྲིད་སྐྱོང་མཆོག་གིས།
2018.08.27
དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ནས་བོད་དོན་དཀའ་རྙོག་སེལ་བའི་ཉིན་མོ་དེར་བཙན་བྱོལ་ནང་གི་བོད་མིའི་སྒྲིག་འཛུགས་དེ་སྒོ་བརྒྱབ་རྒྱུ་རེད་ཅེས་སྲིད་སྐྱོང་མཆོག་གིས་གསུངས་འདུག
རྡ་རམ་ས་ལར་ཕྱི་ཟླ་ ༨ ཚེས་༢༧ ནས་ཉིན་གྲངས་གསུམ་རིང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་རྣམ་པར་དབུ་མའི་ལམ་གྱི་སྐོར་གོ་རྟོགས་དང་འབྲེལ་བའི་ཉིན་གསུམ་རིང་གྱི་སྤྱོང་བརྡར་ཞིག་བྱེད་བཞིན་ཡོད་ཅིང་། ཕྱི་ཚེས་ ༢༧ ཉིན་ཚོགས་འདུའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱ་དཀའ་རྙོག་སེལ་ཐབས་ཀྱི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་དེ་བཞིན་རྒྱ་ནག་རྒྱལ་ཁབ་ལ་ང་ཚོ་ཁ་བྲལ་རྩོད་ཀྱི་མེད་པའི་ཁེ་ཕན་ཞིག་དང་། དེ་བཞིན་གནད་ཡོད་རྒྱལ་ཁབ་རྒྱ་གར་གཙོ་བོ་གྱུར་པའི་ཁྱིམ་མཚེས་རྒྱལ་ཁབ་ཚོ་ལའང་ཕན་ཐོགས་ཡོད་པ་ཞིག་ཡིནཔ། རྒྱལ་སྤྱིའི་ཐོག་ནས་ཡིན་ནའང་རྒྱབ་སྐྱོར་བྱེད་བདེ་པོ་ཞིག་དང་སྲིད་བྱུས་དེ་ནི་གཙོ་བོ་བོད་མིའི་ཁེ་ཕན་ཆེད་ཡིན་པ་གསུངས་པ་དང་། ལྷག་པར་དུ་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་གལ་སྲིད་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་གྲུབ་འབྲས་སོན་པའི་ཉིན་མོ་དེར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་སྒོ་རྒྱབ་རྒྱུ་དང་བོད་མིའི་སྒྲིག་འཛུགས་བོད་ནང་འཛུགས་དགོས་པ་ཆགས་རྒྱུ་ནི་རྩོད་ཀྱི་མེད་ཅེས་གསུངས་འདུག
ཡང་སྦྱོང་བརྡར་གྱི་ཚོགས་འདུ་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཀྱང་། དབུ་མའི་ལམ་གྱི་སྲིད་བྱུས་འདི་ནི་རྒྱ་ནག་འགོ་ཁྲིད་(Deng Xiaoping)གྱིས་རང་བཙན་མ་ཡིན་པའི་གནད་དོན་ག་རེའི་ཐོག་གྲོས་མོལ་གནང་བ་ཡིན་ན་ཡང་ཆོག་ཅེས་གསུངས་པར་གཞི་ལ་བཞག་ནས་གཏན་འཁེལ་བྱུང་བའི་སྲིད་བྱུས་ཤིག་དང་། སྲིད་བྱུས་དེ་ཡང་༧གོང་ས་མཆོག་གི་དགོངས་གཞི་དང་མང་གཙོའི་མངོན་འདོད་དང་མཚུངས་པའི་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཞིག་ཡིན་པ་སོགས་དབུ་མའི་ལམ་གྱི་བྱུང་རིམ་སྐོར་འགྲེལ་བརྗོད་གནང་བ་དང་། ཡང་དྲིལ་བསྒྲགས་དྲུང་ཆེ་མཚན་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་སྤྱོང་བརྡར་དེ་བཞིན་མང་ཚོགས་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་ངེས་པ་རྙེད་པ་བཟོ་རྒྱུའི་ཆེད་དུ་ཟབ་ཁྲིད་པའི་སྤྱོང་བརྡར་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག
གསར་འགོད་པ་ཨྱོན་བསྟན་འཛིན། གུ་རུ་ཆོས་སྐྱིད།