ལྷ་སར་རྒྱ་ནག་གིས་དེ་སྔ་དྲག་པོའི་ཁྲིམས་གཞི་བསྡམས་པའི་ཉིན་མོར་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་གནང་སོང་།

དེ་ཡང་སྤྱི་ལོ་༡༩༨༧དང་༨༨ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ནང་གི་ས་ཁུལ་ཁག་ཏུ། རྒྱ་ནག་གི་དར་དམར་འོག་འཚར་ལོངས་བྱུང་བ་དང་རྒྱ་ནག་དམར་ཤོག་གི་སློབ་གསོ་ཤུགས་ཆེ་སྤེལ་ཟིན་པའི་བོད་ཀྱི་མི་རབས་གསར་པ་ཚོས། རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེ་དང་བོད་རང་བཙན་གྱི་སྐད་འབོད་རིམ་པར་གནང་ཡོད་པ་མ་ཟད། སྤྱི་ལོ་༡༩༨༩ལོ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་ཤུགས་ཆེ་བྱུང་བར་བརྟེན། རྒྱ་ནག་གི་སྲིད་འཛིན་ཟུར་པ་དང་སྐབས་དེའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཧོས་ཅིན་ཐོའོ་ཡིས་སྣེ་ཁྲིད་དང་། རྒྱ་ནག་དབུས་གཞུང་གི་བཀའ་ཁྱབ་དང་ལེན་གྱིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དྲག་པོའི་ཁྲིམས་གཞི་བསྡམས་ཏེ། བོད་མི་འཛིན་བཟུང་དང་དྲག་གནོན་གྱིས་བསད་རྨས་སུ་བཏང་བ་སྣ་ཚོགས་བྱུང་ཡོད་པར་བརྟེན། དུས་དེ་ནས་བཟུང་བཙན་བྱོལ་ནང་ལོ་རེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་དུས་དྲན་ཉིན་མོ་དེར། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་པར་མཆོད་འབུལ་སྨོན་ལམ་གནང་སྲོལ་ཡོད་པ་བཞིན། འདི་ལོར་ཡང་སྤྱི་ཟླ་༣པའི་ཚེས་༨ཉིན་མོར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྣམ་རྒྱལ་གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་བློ་བཟང་དར་རྒྱས་མཆོག་དབུ་བཞུགས་གནང་སྟེ། བཞུགས་སྒར་ཁུལ་གྱི་གྲྭ་བཙུན་སྔགས་གསུམ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། བཀའ་བློན་རྣམ་པ་དང་སྤྱི་འཐུས་ཚོགས་གཞོན་སོགས་ཀྱིས་མཚོན་གཞུང་ཞབས་ཆེ་ཕྲ་ཚང་འཛོམས་གནང་སྟེ་མཆོད་འབུལ་སྨོན་ལམ་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས། གསུམ་བརྒྱད་མཆོད་འབུལ་སྨོན་ལམ་གྱི་རྒྱབ་ལྗོངས་ངོ་སྤྲོད་དང་འབྲེལ། བོད་སྤྱི་པའི་རྩ་དོན་ཆེད་༧གོང་ས་མཆོག་གི་དགོངས་པ་གཞིར་བཟུང་། འཚེ་བ་མེད་པའི་ལམ་ནས་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་པའི་དྲན་རྟེན་ཆེད་ཡིན་པ་འགྲེལ་བརྗོད་གནང་གི་འདུག
དེང་སྐབས་རྒྱ་ནག་གཞུང་གིས་ད་ཆ་ཁམས་སྡེ་དགེ་རྫོང་ཁོངས་སུ་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་རྐྱེན་ས་གནས་མི་མང་ལ་དཀའ་ངལ་ཆེན་པོ་སྤྲད་བསྡད་པ་དང་། མི་མང་གིས་འཚེ་བ་མེད་པའི་ཐོག་ནས་འབོད་སྐུལ་ཞུས་པར། རྒྱ་ནག་གཞུང་གིས་མི་མང་གི་མངོན་འདོད་ལ་བསམ་ཤེས་མེད་པར་འཛིན་བཟུང་བཙོན་འཇུག་མང་དུ་འགྲོ་བཞིན་པར་བརྟེན། སྡེ་དགེ་དང་འཇོ་མདའ་ཁུལ་དུ་མང་ཚོགས་སྡུག་བསྔལ་གྱིས་མནར་བསྡད་པར་ཡང་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་གནང་གི་ཡོད་པ་དང་། གཙོ་བོ་རྒྱ་ནག་གཞུང་གིས་མི་མང་གི་མངོན་འདོད་ཕར་བཞག་སྟེ་ཁོ་རང་ཚོའི་ཁེ་ཕན་སྒྲུབ་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
སྤྱི་ལོ་༡༩༨༩ལོའི་སྤྱི་ཟླ་༣པའི་ཚེས་༨ཉིན་རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་ཁྲིམས་གཞི་བསྡམས་པ་ནས་བཟུང་། བོད་ནང་རྒྱ་ནག་གིས་རྡུང་རྡེག་ཚ་ནན་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སོགས་ཤུགས་ཆེ་སྤེལ་བ་མ་ཟད། དགོན་སྡེ་ཁག་ཏུ་དྲག་གནོན་དང་གྲྭ་བ་མང་པོ་འཛིན་བཟུང་བཙོན་འཇུག་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་བྱས་འབྲས་སུ། བོད་ནང་ངོ་རྒོལ་ལས་འགུལ་རྒྱུན་མར་བྱུང་བ་དང་། ལྷག་པར་ལོ་དེར་རྒྱ་ནག་ནང་སྐད་གྲགས་ཆེ་བའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གི་མང་གཙོའི་ལས་འགུལ་ཀྱང་བྱུང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།