སྐུ་ཞབས་མར་ཀོ་རུ་བྷི་ཡོ་མཆོག་ཨ་རིའི་ཕྱི་སྲིད་དྲུང་ཆེར་མིང་འདོན་བྱས་ཡོད་པ་ནི་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་རྣམས་ཀྱི་ཆེད་གཏམ་བཟང་གི་གནས་ཚུལ་ཞིག་རེད་ཅེས། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

2024.11.14
སྐུ་ཞབས་མར་ཀོ་རུ་བྷི་ཡོ་མཆོག་ཨ་རིའི་ཕྱི་སྲིད་དྲུང་ཆེར་མིང་འདོན་བྱས་ཡོད་པ་ནི་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་རྣམས་ཀྱི་ཆེད་གཏམ་བཟང་གི་གནས་ཚུལ་ཞིག་རེད་ཅེས། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག བདམས་ཐོན་སྲིད་འཛིན་ཌོ་ནལཌི་ཊམཔ་དང་ཕྱི་སྲིད་དྲུང་ཆེར་མིང་འདོན་གནང་པ་མར་ཀོ་རུ་བྷི་ཡོ།
Reuters

ཨ་རིའི་སྲིད་འཛིན་ ༤༧ པར་འོས་འདེམས་བྱུང་བ་ཌོ་ནལཌི་ཊམཔ་(Donald Trump) མཆོག་གིས་ཁོང་གི་སྲིད་གཞུང་གསར་པའི་འོག་གྲོས་ཚོགས་གོང་མའི་འཐུས་མི་མར་ཀོ་རུ་བྷི་ཡོ་ (Marco Rubio) མཆོག་ཨ་རིའི་ཕྱི་སྲིད་དྲུང་ཆེར་འདེམས་བསྐོ་གནང་རྒྱུ་ཡིན་པ་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་ལྟར། སྤྱི་བསྒྲགས་དེའི་ནང་། ཨ་རིའི་ Florida མངའ་སྡེའི་གྲོས་ཚོགས་འཐུས་མི་ མར་ཀོ་རུ་བྷི་ཡོ་ ལ་ཨ་རིའི་ཕྱི་སྲིད་དྲུང་ཆེར་མིང་འདོན་བྱེད་པ་ཡིན། ཁོང་ནི་རང་དབང་གི་གནད་དོན་ཐོག་དོན་གཉེར་དང་ཤུགས་ཆེན་པོའི་ཐོག་ནས་ལས་དོན་གཉེར་ཐུབ་མཁན་གྱི་གུས་བརྩི་ཞུ་ཡུལ་གྱི་འགོ་འཁྲིད་ཞིག་རེད། དེ་འདྲ་ཡིན་དུས་རང་གི་རྒྱལ་ཁབ་ཐད་འཐབ་རྩོད་གནང་ཐུབ་མཁན་དང་མཐུན་ཕྱོགས་རྒྱལ་ཁབ་ཚོའི་མཉམ་འབྲེལ་ལམ་ཡག་པོ་བཟོ་ཐུབ་མཁན་ཞིག་ཡིན་པ་གང་ཞིག་ལ་སྡང་ཟུག་གི་རྣམ་པ་བསྟེན་མཁན་ཚོར་ཡང་གདོང་ལེན་ནན་པོ་བྱེད་ཐུབ་མཁན་གྱི་སྐྱེས་བུ་ཞིག་རེད་ཅེས་བསྔགས་བརྗོད་དང་བཅས་ཕྱི་སྲིད་དྲུང་ཆེར་མིང་འདོན་གནང་ཡོད་པ་རེད།

president statement.JPG

དེ་དང་ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་སྐུ་ཞབས་ མརཀོ་རུ་བྷི་ཡོ་ མཆོག་གིས་ཀྱང་སྤྱི་ཚོགས་དྲྭ་ལམ་ X ནང་ངོས་བཞེས་ཀྱི་སྤྱི་བསྒྲགས་སྤེལ་བའི་ནང་། ངོས་རང་ལ་ཡིད་ཆེས་དང་བཅས་འགན་གནང་བ་ནི་དགའ་སྤོབས་འོས་པ་ཞིག་རེད་ལ་ཐུགས་རེ་གནང་བ་གཞིར་བཟུང་སྲིད་འཛིན་ཊམཔ་མཆོག་གི་དབུ་འཁྲིད་འོག་དུས་རྒྱུན་དུ་རྒྱལ་ཁབ་ཀྱི་བདེ་དོན་གཙོ་བོར་བཞག་པའི་ཐོག་ནས་ཞི་བདེ་དང་ནུས་པ་སྤུངས་ཐུབ་ཐབས་བྱེད་རྒྱུའི་ཆོད་སེམས་གཏན་པོས་ལས་འགན་འཁྱེར་གྱི་ཡིན་ཞེས་བཀོད་ཡོད་འདུག

Marco x.JPG

སྐུ་ཞབས་ མར་ཀོ་ རུ་བྷི་ཡོ་ ཁོང་ནི་སྤྱིར་བཏང་ནས་རྒྱལ་སྤྱིའི་ཐོག་འདྲ་མཉམ་དང་འགྲོ་བ་མིའི་ཐོབ་ཐང་ཐད་རྒྱབ་སྐྱོར་གནང་མཁན་དང་། རྒྱ་ནག་གི་སྲིད་དབང་སྒེར་གཅོད་ཐེར་འདོན་གནང་མཁན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པས། ཁོང་བསྐོ་གཞག་གནང་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་ནི་བོད་མི་ཚོར་གཏམ་བཟང་གི་གནས་ཚུལ་ཞིག་ཡིན་ཞིང་། ཨ་རིའི་ངོས་ནས་ཉེ་ལམ་བོད་དོན་ཁྲིམས་ཡིག་གཏན་འབེབས་གནང་ཡོད་པ་དེ་བཞིན་ལག་བསྟར་ཡོང་རྒྱུའི་ཐད་ཕན་ཐོགས་ཆེ་རུ་འགྲོ་བ་སོགས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་རྒྱུན་གནས་ཐད་ནུས་པ་ཆེན་པོ་ཐོན་ངེས་ཡིན་ཞེས། སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒྱལ་ལོ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་དེའི་ཐད་ཐེ་ཝན་དུ་གནས་སྡོད་ཐེ་ཝན་དང་ཨེ་ཤེ་ཡ་བརྗེ་རེས་ཐེབས་རྩ་ཁང་གི་ཉམས་ཞིབ་པ་(Sana Hashmi) ལགས་ཀྱིས། ཨ་མི་རི་ཀའི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཌོ་ནལཌི་ཊམཔ་ལགས་སུ་ཐོབ་ཏེ། འགོ་སྟོད་ཨ་མི་རི་ཀས་རྒྱ་ནག་ཐད་འཛིན་པའི་སྲིད་བྱུས་གསལ་ཁ་མེད་པའི་དུས་འདིར། མར་ཀོ་རུ་བྷི་ཡོ་ལགས་ཕྱི་སྲིད་བློན་ཆེན་དུ་མིང་འདོན་བྱས་པ་ནི་དོ་གལ་བྱ་དགོས་པ་ཞིག་ཆགས་ཡོད་ཅིང་། མར་ཀོ་རུ་བྷི་ཡོ་ལགས་ཀྱི་བཞེངས་ཕྱོགས་ནི་དུས་ཡུན་རིང་པོ་ནས་རྒྱ་ནག་ལ་ཡིད་གཟབ་ངང་འབྲེལ་ལམ་འཛིན་པ་དང་ཆབས་ཅིག རྒྱ་ནག་གི་ཧམ་ཤེད་དང་རྒྱ་བསྐྱེད་ལ་ཨ་མི་རི་ཀས་གདོང་ལེན་གྱི་ཁ་ཕྱོགས་བརྟན་པོ་བཟུང་ཡོད་པས། ཁོང་མིང་འདོན་བྱས་པ་དེས་ཨ་མི་རི་ཀས་མུ་མཐུད་དུ་ཆོད་སེམས་བརྟན་པོའི་ངང་རྒྱ་ནག་ལ་འགྲན་རྩོད་དང་ལྷན། རྩོད་རྙོག་སྔོན་འགོག་གིའང་ཐབས་ཇུས་གསལ་པོ་དང་ཨ་མི་རི་ཀས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་འགྱུར་བ་མེད་པའི་བརྡ་ལན་ཡང་མངོན་གསལ་ཐུབ་པ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག་ལ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་གསུངས་ན། གྲོས་ཚོགས་གོང་མའི་འཐུས་མི་མར་ཀོ་རུ་བྷི་ཡོ་ལགས་གལ་ཏེ་ཕྱི་སྲིད་དྲུང་ཆེར་དངོས་སུ་བསྐོ་གཞག་བྱུང་བ་ན། རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་རྣམས་ལ་གཏམ་བཟང་གི་གནད་དོན་ཞིག་ཆགས་ངེས་ཡིན་པ་དང་། ཁོང་ནི་དེ་སྔ་ཡུ་གུར་དང་ཧོང་ཀོང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་ཐད་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པས། ཆབ་སྲིད་ཐོག་ནས་ཨ་རིའི་གཞུང་ནས་རྒྱ་ནག་གཞུང་ལ་ལྟ་ཕྱོགས་ཐད་འགྱུར་བ་འགྲོ་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅིང་། གཙོ་བོ་ཨ་རིའི་སྲིད་གཞུང་ནས་བོད་དོན་ཐད་རྒྱབ་སྐྱོར་གནང་མིན་ནི། བོད་མི་རྣམས་ནས་རྒྱལ་སྤྱིའི་ཁྲོད་ལས་འགུལ་སྤེལ་མིན་ལ་རགས་ལས་ཡོད་པས། བོད་མི་རྣམས་ནས་ཞུ་གཏུག་གི་ལས་འགུལ་རྒྱ་གང་ཆེ་སྤེལ་རྒྱུ་གལ་ཆེ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག

ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ནས་ལགས་ནས། སྐུ་ཞབས་མི་མར་ཀོ་རུ་བྷི་ཡོ་ལྟ་བུ་དུས་རྒྱུན་དུ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གོ་གནས་གལ་ཆེན་ཞིག་ཏུ་བསླེབས་པ་ནི་རྒྱལ་སྤྱིའི་ཁྲོད་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོང་རྒྱུའི་ཐད་ཕྱག་ལས་གནང་རྒྱུའི་རེ་བ་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

འདི་ལོར་དགུང་གྲངས་ ༥༣ ལ་ཕེབས་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཀོ་རུ་བྷི་ཡོ་ (Marco Rubio) མཆོག་ནི་ཨ་རིས་རྒྱ་ནག་ལ་དྲག་ཤུགས་ཆེ་རུ་གཏོང་དགོས་པའི་སྐོར་ལ་བཀའ་མོལ་གསུང་མཁན་གྱི་གྲོས་ཚོགས་གོང་མའི་འཐུས་མིའི་གྲས་ཤིག་ཡིན་པ་དང་། ཁོང་གིས་ཊམཔ་གྱིས་སྲིད་གཞུང་ཐོག་མའི་སྐབས་གྲོས་ཚོགས་ནང་ཞབས་ཞུ་སྒྲུབ་སྐབས་ཨ་རིས་རྒྱ་ནག་གཞུང་གིས་བཀོད་སྒྲིག་བྱེད་པའི་དཔལ་འབྱོར་ལ་འགྲན་རྩོད་ཆེད་རོགས་རམ་བྱེད་པའི་བཟོ་ལས་སྲིད་ཇུས་ལ་སྐུལ་འདེད་བཏང་ཡོད་པ་དང་། ཁོང་གིས་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་རྒྱ་ནག་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་འཁུར་ཡང་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༢༠ ལོར་སྐུ་ཞབས་རུ་བྷི་ཡོ་ཡིས་རྒྱ་ནག་གི་ཡུ་གུར་གྲངས་ཉུང་མི་རིགས་ཚོར་བཙན་ཤེད་ཀྱི་ངལ་རྩོལ་སྐུལ་ནས་བཟོས་པའི་རྒྱ་ནག་གི་དངོས་ཟོག་ཨ་རིའི་ནང་ནང་འདྲེན་བྱེད་པར་བཀག་འགོག་བྱེད་པའི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་ཡོད་པ་དང་། སྲིད་འཛིན་ བྷཡེཌན་་གྱིས་ལོ་རྗེས་མར་མཚན་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་གནང་ཡོད་པ་མ་ཟད།  འདི་ལོ་ཕྱི་ཟླ་ ༧ པའི་ནང་སྲིད་འཛིན་མཆོག་གིས་ཁྲིམས་སུ་མཚན་རྟགས་སྐྱོན་པའི་བོད་དོན་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་ S138 གཏན་འབེབས་གནང་པའི་བརྒྱུད་རིམ་ཁྲོད། ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་གཙོ་གྲས་ཞིག་ཀྱང་ཡིན་པ་རེད་ལ། སྐུ་ཞབས་མར་ཀོ་རུ་སྦི་ཡོ་མཆོག་ནི་བོད་དང་ཤིན་ཅང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་དོ་སྣང་ཆེན་པོ་གནང་མཁན་ཞིག་ཡིན་ཞིང་།  གྲོས་ཚོགས་ནང་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་ཞེས་པ་བཏོན་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་གྲས་ཤིག་ཀྱང་ཡིན་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། རིག་འཛིན་ཆོས་སྒྲོན།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བཀྲ་ཤིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།





མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎