ཁྲིམས་ཞིབ་ཁང་དུ་ཉན་ཞིབ་ལ་ངོ་བཅར་ཞུས་མིན་འདུག
ཁ་མཆུ་ཨང་༢༠ པའི་རྩོད་ལན་པའི་ཁྲིམས་རྩོད་པ་ཁྲིམས་ཞིབ་ཁང་དུ་ཉན་ཞིབ་ལ་ངོ་བཅར་ཞུས་མེད་པའི་དབང་གིས་ཉིན་ཞིབ་ཕྱིར་འགྱངས་གནང་སོང་།
-
2019-12-06 -
-
-
Your browser doesn’t support HTML5 audio
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བརྒྱུད་བཀའ་ཤག་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁོང་ལ་མ་ཉེས་ཁག་གཡོགས་བྱས་ལུགས་ཀྱི་ཁྲིམས་གཏུག་བྱས་བའི་ཁ་མཆུ་ཨང་༢༠་པའི་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་རྩོད་ལན་པའི་ཁྲིམས་རྩོད་པས་བཅད་ཁྲ་ཁྱབ་བསྒྲགས་བྱས་པའི་ཐད། གསར་འགོད་པར་གཏམ་བཤད་བྱས་པ་དེ་རིགས་སྤྱི་མང་ཁྲིམས་ཡིག་དོན་ཚན་ ༨༥ ༼ཁ༽ ནང་གསལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པའི་བཅོས་གསོའི་ཆད་པ་འགེལ་མ་དགོས་པའི་རྒྱུ་མཚན་བརྗོད་རྒྱུའི་ཆེད་སྤྱི་ལོ་༢༠༡༩ ཟླ་༡༢ ཚེས་༦ ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་༢།༣༠ ཐོག་ཉན་ཞིབ་བྱ་རྒྱུའི་བརྡ་ཐོ་བཏང་ཡོད་ཀྱང་། ཉིན་འདིར་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཁྲིམས་ཞིབ་ཁང་དུ་ཉན་ཞིབ་ལ་ངོ་བཅར་ཞུས་མེད་པའི་དབང་གིས་ཁྲིམས་ཞིབ་ཁང་ནས་སྤྱི་ལོ་༢༠༡༩ ཟླ་༡༢ཚེས་༩ ཉིན་གྱི་སྔ་དྲོའི་ཕྱག་ཚོད་༡༠། ༣༠ ཐོག་ཉན་ཞིབ་བྱེད་གཏན་འཁེལ་བའི་གསལ་བསྒྲགས་གནང་སོང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁ་པར་བརྒྱུད་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་ལགས་ལ་འབྲེལ་བ་ཞུས་ཀྱང་། ཁ་པར་ནང་འབྲེལ་མཐུད་གནང་ཐུབ་མི་འདུག་ཞེས་པའི་བརྡ་ལན་རག་པ་ལས་འབྲེལ་བ་བྱེད་ཐུབ་མ་སོང་།
གོང་ཞུས་གསལ་བསྒྲགས་དེའི་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཀའ་ཤག་གི་ཁྲིམས་རྩོད་པར་སྤྱི་ལོ་༢༠༡༩ ཟླ་༡༢ ཚེས་༦ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་༢།༣༠ ཐོག་ཉན་ཞིབ་བྱ་རྒྱུའི་བརྡ་ཐོ། ༢༠༡༩ ཟླ་༡༡ སྤྱི་ཚེས་༢༢ ཉིན་ཁྲིམས་ཞིབ་ཁང་ནས་བརྡ་ཐོ་སྐྱེལ་མཁན་ཆེད་གཏོང་གིས། བོད་མིའི་ཁྲིམས་ལུགས་རིག་པའི་ལས་ཁུངས་སམ་ཁྲིམས་རྩོད་པའི་ལས་ཀ་བྱ་ཡུལ་གྱི་ལས་བྱེད་རིན་ཆེན་བཟང་པོ་ལ་བརྡ་ཐོ་སྤྲད་དེ་འབྱོར་ལན་མིང་རྟགས་བླངས་ཟིན་ནའང་། དོ་བདག་གོང་གསལ་དུས་བཀག་ཉིན་ཁྲིམས་ཞིབ་ཁང་དུ་ཉན་ཞིབ་ལ་ངོ་བཅར་བྱས་མེད་པར་བརྟེན། ཁྲིམས་ཞིབ་ཁང་གི་བརྡ་ཐོར་བརྩི་བཀུར་མ་ཞུས་པའི་རྒྱུ་མཚན་དང་ཆབས་ཅིག་ཉན་ཞིབ་དེ་ཟླ་བ་འདིའི་ཚེས་༩ ཉིན་བྱེད་གཏན་འཁེལ་ཡོད་པ་གསལ་བསྒྲགས་གནང་སོང་།།