དྲ་རྒྱ་ཞིག་གིས་ཨ་རིའི་གསང་བའི་གནས་ཚུལ་ཕྱིར་གྱར།
2010.11.29
༄༅༎ལྦི་ཀི་ལིཀ་སི་Wikileaksཞེས་པའི་དྲ་རྒྱས་སླར་ཡང་ཨ་རིའི་གསང་བའི་གནས་ཚུལ་ཁག་ཅིག་ཕྱིར་བཏོན་བྱས་ཡོད་པའི་ནང་ ཨ་རིའི་ཕྱི་རྒྱལ་ཡུལ་ཁག་ནང་ཡོད་པའི་གཞུང་ཚབ་ཁང་གིས་དྲ་རྒྱའི་ཡིག་འགྲུལ་ཁ་བྱང་བརྒྱུད་ནས་ཨ་རིའི་ཕྱི་སྲིད་ལས་ཁང་ལ་བཏང་བའི་གསང་བའི་ཡིག་ཆ་ཁག་ཁྲི་ཕྲག་ཡོད་པ་དང་ ཡིག་ཆ་དེ་དག་ནང་ཨ་རི་གཞུང་གིས་ཨི་རང་གི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་བྱ་རྒྱུར་འགོག་ཐབས་ཆེད་ཨི་རན་ཡུལ་ལ་གཏོར་རྒོལ་གཏོང་རྒྱུར་སའོ་ཐི་ཨ་རེ་སྦི་ཡའི་གཞུང་ལ་སྐུལ་མ་བྱས་པའི་སྐོར་སོགས་དང་ ལྷག་པར་དུ་ཡིག་ཆ་དེ་དག་ནང་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་ཡང་མང་པོ་ཞིག་ཡོད་པ་རེད་
གནད་དོན་དེའི་སྐོར་ཨ་རིའི་ནིའུ་དབྱོག་ཚགས་ཤོག་སོགས་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ལ་ཡང་གནས་ཚུལ་མང་དག་ཅིག་སྤེལ་ཡོད་ཅིང་ནིའུ་དབྱོག་དུས་བབ་ཚགས་ཤོག་གིས་ཨ་རིའི་ཕྱིར་ཤོར་བའི་གསང་བའི་ཡིག་ཆ་དེ་དག་ནང་རྒྱ་ནག་གི་མི་སྣ་ཞིག་གིས་ད་ལོ་ཕྱི་ཟླ་དང་པོའི་ནང་ཨ་རིའི་རྒྱ་ནག་ནང་གི་གཞུང་ཚབ་ལས་ཁུངས་སུ་གནས་ཚུལ་བརྗོད་པའི་ནང་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱིས་ཐད་ཀར་བཀོད་སྡོམ་འོག་རྒྱ་ནག་གི་འབྲེལ་ཡོད་ལག་རྩལ་མི་སྣ་ཚོས་རྒྱ་ནག་ནང་ཡོད་པའི་གུའུ་གལ་དྲ་རྒྱའི་བརྒྱུད་ལམ་ནང་འཛུལ་ནས་གནས་ཚུལ་རྐུ་འཁྱེར་བྱས་ཡོད་པ་དང་ ལས་དོན་དེ་ནི་རྒྱ་ནག་གཞུང་གིས་གློག་ཀླད་དྲ་རྒྱའི་བརྒྱུད་ལམ་གཏོར་བཤིག་གཏོང་རྒྱུའི་འཆར་གཞི་ཁག་གི་ཆ་ཤས་ཤིག་ཡིན་ལུགས་བཀོད་ཡོད་པ་དང་ ད་དུང་ཨ་རིའི་གསང་བའི་ཡིག་ཆ་རྐུ་འཁྱེར་ཤོར་བའི་ནང་ཕྱི་ལོ་ཉིས་སྟོང་གཉིས་ལོ་ནས་བཟུང་རྒྱ་ནག་གཞུང་གིས་དྲ་རྒྱའི་ནང་གནས་ཚུལ་རྐུ་འཁྱེར་དང་དྲ་རྒྱ་ཡིག་འགྲུལ་དང་ གནས་འཕྲིན་སོགས་ལ་གཏོར་བཤིག་གཏོང་མཁན་གྱི་མི་སྣ་ཆེད་མངགས་གསོ་སྐྱོང་བྱས་པ་ཚོས་ཨ་རིའི་གཞུང་དང་ཨ་རིའི་མཐུན་ཕྱོགས་ཡུལ་གྲུ་དང་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་བཞིན་ཨ་རིའི་ཚོང་ལས་ཁེ་གཉེར་བ་སོགས་ཀྱི་དྲ་རྒྱའི་བརྒྱུད་ལམ་ལ་གཏོར་བཤིག་བཏང་ཡོད་ལུགས་སོགས་བཀོད་ཡོད་པ་རེད་