རྒྱ་ནག་ནང་ས་གནས་ཁྲིམས་སྲོལ་ཁག་ཏུ་མི་རིགས་རང་གི་སྐད་དང་ཡི་གེ་ཡིས་སློབ་ཁྲིད་བྱེད་དགོས་ཞེས་པའི་གཏན་འབེབས་དེ་རྩ་ཁྲིམས་དང་འགལ་ཟླ་ཡིན་ཚུལ་བརྗོད་བཞིན་པར་སྐྱོན་བརྗོད།
རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ས་གནས་ཁྲིམས་སྲོལ་ཁག་ཏུ་མི་རིགས་རང་གི་སྐད་ཡིག་གིས་སློབ་ཁྲིད་བྱེད་དགོས་པའི་གཏན་འབེབས་དེ་རྩ་ཁྲིམས་དང་འགལ་ཟླ་ཡིན་ལུགས་བཤད་པ་དེ་ནོར་འཁྲུལ་ཅན་གྱི་ལག་ལེན་ཞིག་དང་། ཁྲིམས་དོན་འགྲེལ་བརྗོད་བརྒྱུད་ནས་གྲངས་ཉུང་མི་རིགས་རྣམས་ཀྲུང་ཧྭ་མི་རིགས་ཟེར་བར་རིགས་བསྒྱུར་བྱེད་འདོད་ཡིན་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱེད་བཞིན་འདུག
དེ་ཡང་རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར་གྱིས་ཉེ་ལམ་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ལས་དོན་ཚོགས་ཆུང་གི་འགན་འཛིན་ཧྲིན་ཁྲུང་ཡོ་ཟེར་བས། ཟླ་འདིའི་ཚེས་༢༠འི་ཉིན་འཚོགས་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་ཐེངས་༢༥འི་སྟེང་། ས་གནས་ཁྲིམས་སྲོལ་ཁག་ཏུ་མི་རིགས་སློབ་གྲྭ་ཁག་གིས་མི་རིགས་རང་གི་སྐད་དང་ཡི་གེ་ཡིས་སློབ་ཁྲིད་བྱེད་དགོས་ཞེས་པའི་གཏན་འབེབས་དེ་རྩ་ཁྲིམས་ཀྱི་དོན་ཚན་༡༩པའི་ནང་གསེས་ཚན་པ་༥པར་བཀོད་པའི་རྒྱལ་ཡོངས་སུ་རྒྱལ་ཁབ་ཐུན་མོང་གི་སྐད་ཡིག་སྟེ། པེ་ཅིང་གི་སྐད་བཀོལ་དགོས་པའི་གཏན་འབེབས་དང་རྒྱལ་ཁབ་ཐུན་མོང་གིས་བཀོལ་སྤྱོད་བྱེད་བཞིན་པའི་སྐད་དང་ཡི་གེའི་ཁྲིམས། སློབ་གསོའི་ཁྲིམས་སོགས་འབྲེལ་ཡོད་ཁྲིམས་དང་འགལ་ཟླ་ཆགས་ཡོད་ན། འབྲེལ་ཡོད་ཚན་པས་བཟོ་བཅོས་བྱེད་དགོས་པའི་དགོས་འདུན་བཏོན་ཟིན་པ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད།
དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ཀྱིས་གསུང་ན། དེ་ནི་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་བྱེད་བཞིན་པ་རེད་ཅེས་དང་། སྤྱི་ལོ་༢༠༠༨ལོར་བོད་ནང་ཞི་རྒོལ་གྱི་དོན་རྐྱེན་བྱུང་བ་ནས་བཟུང་། རྒྱ་ནག་གི་མཁས་པ་མང་པོ་ཞིག་གིས་གྲངས་ཉུང་མི་རིགས་ཚོར་ཐོབ་ཐང་མང་པོ་སྤྲད་པའི་རྒྱུ་མཚན་གྱིས། རྒྱ་ནག་གཞུང་ལ་ངོ་ལོག་གི་གནས་ཚུལ་ལྷག་བཞིན་པ་རེད་ཅེས་ལབ་པར་བརྟེན། ཁོང་ཚོ་དེ་རིགས་འགོག་ཐབས་ཀྱི་ཆེད། རིམ་པས་གྲངས་ཉུང་མི་རིགས་ཚང་མ་སྐད་ཡིག་དང་ངོ་བོ། རིག་གཞུང་བཅས་ཀྱི་ཆ་ནས་རྒྱ་རིགས་བཟོ་ཐབས་བྱེད་བཞིན་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གི་བཅའ་ཁྲིམས་དང་ས་གནས་ཁག་གི་རང་སྐྱོང་སྲོལ་ཡིག་བཅས་ཀྱི་ནང་། གྲངས་ཉུང་མི་རིགས་རང་སྐྱོང་གི་ས་གནས་ཁག་ཏུ་མི་རིགས་གྲངས་ཉུང་རང་གི་སྐད་ཡིག་བེད་སྤྱོད་གཏོང་ཆོག་གི་ཁྲིམས་སྲོལ་ཡོད་པ་དེ་གྲས། རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ཁྲིམས་བཤེར་ཚོགས་ཆུང་གིས། སྤྱི་ལོ་ཉིས་སྟོང་ལོར་གཏན་འབེབས་དང་ཉིས་སྟོང་གཅིག་ལོར་ལག་བསྟར་བྱས་འགོ་བཙུགས་པ། རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་ཟེར་བ་དང་མི་མཐུན་པ་དང་། རྒྱལ་ཁབ་ཀྱི་གལ་ཆེའི་བཅོས་བསྒྱུར་གྱི་ཁ་ཕྱོགས་དང་འགལ་བ་རེད་ཅེས། མི་རིགས་གྲངས་ཉུང་གི་སྐད་ཡིག་དང་ངོ་བོ་སྲུང་སྐྱོབས་ཀྱི་ཁྲིམས་ལ་སྐྱོན་འཛུགས་བྱས་ཡོད་ཅིང་། དེ་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། "རྒྱ་ནག་གཞུང་གིས་མི་རིགས་རྒྱ་བསྒྱུར་གྱི་དམིགས་ཡུལ་སྒྲུབ་ཐབས་སུ། ས་གནས་རིམ་པའི་ཁྲིམས་སྒྲིག་འཕར་བཅོས་ཀྱིས། མི་རིགས་སོ་སོའི་སྐད་ཡིག་རིག་གཞུང་རྩ་མེད་བཟོ་བཞིན་འདུག་"ཅེས་སྐྱོན་བརྗོད་བྱས་ཡོད།
ཡང་དེའི་ཐད་རྒྱ་ནག་གི་ཁྲིམས་ལུགས་ཉམས་ཞིབ་པ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་ཀྱིས་ཧྲིན་ཁྲུང་ཡོ་ཡི་སྐད་ཆ་དེ་ནོར་འཁྲུལ་ཅན་གྱི་ལག་ལེན་ཞིག་རེད། ཉི་ཧོང་ཞི་ཙུ་ཁ་སློབ་ཆེན་གྱི་སོག་རིགས་ཡཱང་ཧེ་ཡན་ལགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ཀྱིས་གཏན་འབེབས་ལྟར། མི་རིགས་རང་སྐྱོང་ལྗོངས་དང་ཁུལ། རྫོང་། ཐ་ན་ཞང་སུའང་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་རྒྱུར་བསྐུལ་བའི་རང་སྐྱོང་སྲོལ་ཡིག་གཏན་འབེབས་བྱས་ཡོད། རྒྱ་ནག་དམར་ཤོག་གཞུང་གི་དེ་ལྟ་བུའི་ཞིབ་ཅིང་ཕྲ་བའི་དབང་བསྒྱུར་འོག་རྩ་ཁྲིམས་དང་འགལ་བའི་རང་སྐྱོང་སྲོལ་ཡིག་ཅིག་གཏན་འབེབས་བྱེད་དམ་ཞེས་དོགས་འདྲི་བྱེད་ཀྱི་འདུག
ཡང་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་ཀྱིས་རྩ་ཁྲིམས་ཀྱིས་མི་རིགས་ས་ཁུལ་ཁག་ལ་དམིགས་བསལ་ཕྱིན་ཡོད་པས། རང་སྐྱོང་སྲོལ་ཡིག་ཁག་རྩ་ཁྲིམས་དང་མཐུན་པ་མ་གཏོགས་འགལ་བ་ཞིག་རྩ་བ་མ་རེད་ཅེས་དང་། སྐུ་ཞབས་ཡཱང་ཧེ་ཡན་ལགས་ཀྱིས་རྒྱ་ནག་རྒྱལ་ཁབ་བཙུགས་ནས་མི་ལོ་༧༠ལྷག་གི་རིང་མི་རིགས་རང་སྐྱོང་སྲོལ་ཡིག་ཁག་རྩ་ཁྲིམས་དང་འགལ་བ་མ་ཤེས་པ་རེད་དམ། མ་རེད། རང་ཉིད་ཀྱིས་མི་ལོ་༧༠ལྷག་གི་རིང་ལག་ལེན་དུ་བསྟར་བའི་མི་རིགས་སྲིད་ཇུས་རྩིས་མེད་དུ་བཏང་ནས། མི་རིགས་གཞན་ཚང་མ་རྒྱ་རིགས་སུ་རིགས་སྒྱུར་བྱེད་འདོད་རེད། དེ་ནི་ཁྲམ་པའི་སྲིད་ཇུས་ཤིག་རེད་ཅེས་སྐྱོན་བརྗོད་བྱས་འདུག
དེའི་ཐད་བོད་ནང་གི་བོད་མི་མིང་བརྗོད་འདོད་མེད་པ་ཤེས་ཡོན་ཅན་ཁག་ཅིག་གིས། འདི་ག་རླུང་འཕྲིན་ཁང་ལ་གསུངས་ན། སྤྱིར་བཏང་རྒྱ་ནག་ནང་གྲངས་ཉུང་མི་རིགས་ཀྱི་ས་ཁོངས་སུ། རྒྱ་ཡིག་ཁོ་ན་སློབ་པ་དང་། ཡང་ན་གྲངས་ཉུང་མི་རིགས་རང་གི་སྐད་ཡིག་གཙོ་བོར་སློབ་པ་བཅས་ལམ་སྲོལ་གཉིས་ཡོད་ཅིང་། བོད་མདོ་སྨད་ཀྱི་ས་ཁུལ་ཕལ་ཆེ་བར་ད་དུང་ཡང་རྒྱའི་སྐད་ཡིག་མ་གཏོགས། སྤྱི་ཚོགས་ཚན་རིག་སོགས་སློབ་ཚན་གཞན་དག་མང་ཆེ་བ་བོད་ཡིག་ནང་སློབ་བཞིན་པ་རང་འཇགས་རེད། འོན་ཀྱང་། ཉེན་ཁ་ཞིག་ཡོང་བཞིན་པ་ནི་སྤྱི་ལོ་༢༠༢༠ལོར་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་དུ། བོད་ཡིག་གི་བསླབ་གཞི་མང་པོ་ཞིག་རྒྱ་ཡིག་ནང་བསླབ་དགོས་པའི་སྐད་ཆ་བྱུང་སྟེ། བོད་རིགས་ལས་བྱེད་པ་དང་ཤེས་ཡོན་ཅན། དགེ་རྒན་སོགས་མང་པོས་ཞུ་འབོད་ཤུགས་ཆེ་བྱས་པར་བརྟེན། གནས་སྐབས་རིང་འགྱུར་བ་མ་བཏང་བར་རང་འཇགས་འགྲོ་བཞིན་པ་རེད་དེ། མ་འོངས་པར་གནས་ཚུལ་ཅི་ཆགས་བཤད་ཁག་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གི་བཅའ་ཁྲིམས་དོན་ཚན་བཅུ་པའི་ནང་དུ། "མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར། རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྲུང་འཛིན་ནམ་ཡང་ན་སྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།"ཞེས་འཁོད་ཡོད་ནའང་། སྤྱི་ལོ་༢༠༠༠ལོར་གཏན་འབེབས་ཀྱི་རྒྱ་ནག་གཞུང་གིས་རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་ཟེར་བའི་ནང་། རྒྱ་ནག་རྒྱལ་ཡོངས་སུ་ས་གནས་སྲིད་གཞུང་དང་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་སྡེ་ཁག་གི་ནང་། རྒྱ་རིགས་ཀྱི་སྐད་ཡིག་བེད་སྤྱོད་ཤུགས་ཆེ་གཏོང་དགོས་པ་འཁོད་ཡོད་པས། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ནང་འཁོད་པའི་འབྲུ་དོན་ཁག་ལ་དོ་ཕོག་འཐེན་འཕྲི་ཡོང་བཞིན་པ་རེད།
0:00 / 0:00