ཡར་ཀླུང་གཙང་པོའི་རྒྱུད་ས་རུད་བྱུང་ནས་གཙང་ཆུ་འགག་སྟེ་ཆུ་འཁྱིལ་ཡོད་པ།
2018.11.01
དེ་ཡང་རེས་གཟའ་ཕུར་བུ་ཉིན་རྒྱ་གར་གྱི་ANIགསར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་། སྨན་གླིང་རྫོང་གི་ཡར་ཀླུང་གཙང་པོའི་རྒྱུད་དུ་ཕྱི་ཟླ་༡༠ ཚེས་༢༩ ཉིན་ས་རུད་ཐེབས་ནས་གཙང་ཆུ་འགག་སྟེ་ཆུ་འཁྱིལ་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱ་གར་ལ་སྐབས་བབ་ཀྱི་གནས་ཚུལ་དུས་ཐོག་ཏུ་མཁོ་སྤྲོད་བྱེད་རྒྱུ་ཡིན་པ་རྒྱ་གར་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་Ji Rong གིས་གསུང་འདུག
དེ་ནི་ཉེ་སྔོན་ཕྱི་ཟླ་བཅུ་བའི་ཚེས་༡༧ཉིན་ས་རུད་ཀྱི་དོན་རྐྱེན་བྱུང་ཡུལ་དེ་ཡིན་པ་དང་ད་རེས་ཡང་བསྐྱར་ས་རུད་ཐེབས་ནས་གཙང་ཆུ་འགག་པ་དང་། རྒྱ་ནག་གི་ཆུའི་ཐོན་ཁུངས་ལས་ཁང་གིས་པེ་ཅིན་དུ་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཁང་ལ་ས་རུད་ཀྱི་གནས་སྟངས་ཀྱི་རིམ་པ་རྣམས་ཆུ་ཚོད་རེ་རེའི་ནང་མཁོ་སྤྲོད་བྱེད་བཞིན་ཡོད་སྐོར་དང་། རྒྱ་ནག་གིས་གནས་ཚུལ་དེར་གཟབ་ནན་ཐོག་དོ་སྣང་བྱེད་བཞིན་ཡོད་ལུགས་བཤད་ཡོད་པ་རེད་།
ཉེ་ཆར་ཕྱི་ཟླ་བཅུ་བའི་ཚེས་༡༧ཉིན་ས་རུད་ཐེབས་ནས་གཙང་ཆུ་འགག་སྟེ་ཆུ་འཁྱིལ་བའི་རྐྱེན་གྱིས་ཨ་རུ་ཎཱ་ཅལ་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆག་ཡོང་རྒྱུའི་ཉེན་ཁ་བྱུང་ཡོད་པའི་དབང་གིས་རྒྱ་གར་ལ་བློ་འཚབ་ཆེན་པོ་བྱུང་ཡོད་པ་རེད། རྒྱ་ནག་དང་རྒྱ་གར་གཉིས་དབར་ཆུའི་གནས་ཚུལ་མཉམ་སྤྱོད་ཀྱི་གྲོས་མཐུན་ད་ལོ་བསྐྱར་དུ་བཞག་ཡོད་པ་དང་། གྲོས་མཐུན་དེའི་ཐོག་ནས་རྒྱ་ནག་གཞུང་གིས་ཆུ་ལོག་གི་སྐབས་སུ་གཙང་ཆུའི་གནས་ཚུལ་རིགས་རྒྱ་གར་ལ་མཁོ་སྤྲོད་བྱ་རྒྱུར་མོས་མཐུན་བྱས་ཡོད་སྟབས། ད་ཆ་ས་ཉིལ་ནས་ཡར་ཀླུང་གཙང་པོ་འགག་པའི་གནས་ཚུལ་རྒྱ་ནག་གིས་རྒྱ་གར་ལ་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།