ལག་དམར་གྱིས་དམིཊ་བསལ་ཐོབ་ཐང་སྤྱོད་ཆོག་པའི་རེ་བ་བཏོན་པ།
རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་བསད་པའི་དོན་རྐྱེན་ཐད་མུ་མཐུད་ཧྥེ་ལི་པིན་གྱི་ཉེན་རྟོག་ཕྱོགས་ནས་བརྟག་ཞིབ་བྱེད་བཞིན་ཡོད་པ་རེད།
-
2015-10-22 -
-
-
རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་བསད་པའི་དོན་རྐྱེན་ཐད་མུ་མཐུད་ ཧྥེ་ལི་པིན་(Philippine)གི་ཉེན་རྟོག་ཕྱོགས་ནས་བརྟག་ཞིབ་བྱེད་བཞིན་ཡོད་པ་རེད།
ཧྥེ་ལི་པིན་(Philippine)གི་སི་བུ་གྲོང་ཁྱེར་ནང་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་འགོ་འཛིན་སུའང་རུའང་ཧ་དང་། གཞན་གཞུང་ཚབ་ལས་བྱེད་གཉིས་ལ་ཟ་ཁང་ཞིག་ནང་མེ་མདའ་རྒྱབ་ནས་གཞུང་ཚབ་སུང་རུང་ཧ་ལ་རྨས་སྐྱོན་ཚབས་ཆེ་ཕོག་པ་དང་། ལས་བྱེད་གཞན་གཉིས་རྐྱེན་འདས་ཕྱིན་པའི་གནས་ཚུལ་སྐོར་འདི་ནས་ཁ་ས་གནས་ཚུལ་གཏོང་སྤེལ་ཟིན་ཞིང་།
དེ་རིང་རྒྱ་ནག་གཞུང་འབྲེལ་གསར་ཤོག་གོ་ལའི་ཚགས་པར་ཞེས་པས་སྤེལ་བའི་གནས་ཚུལ་ཞིག་BBC་གསར་ལས་ཁང་གིས་ལུང་འདྲེན་བྱས་ནས་བཀོད་འདུག་པ་དེའི་ནང་། མི་གསོད་མཁན་ནི་གཞུང་ཚབ་ལས་ཁང་གི་ལས་བྱེད་པའི་བཟའ་ཟླ་ཡིན་པ་དང་། མེ་མདའ་རྒྱབ་ནས་མི་བསད་དགོས་པའི་རྒྱུ་མཚན་ནི། ནང་ཁུལ་རྩོད་གླེང་ལ་ཐུག་པའི་འབྲེལ་གནས་ཡོད་པའི་སྐོར་བཀོད་ཡོད་པ་རེད།
རུད་ཀྲར་གསར་ལས་ཁང་གིས་དེ་རིང་སྤེལ་བའི་གསར་འགྱུར་ནང་། མི་གསོད་མཁན་དེའི་རུས་མིང་ལ་ལི་ཟེར་བ་དང་། སྐྱེས་དམན་གྱི་རུས་མིང་ལ་ཀོའོ་ཟེར་གྱི་ཡོད་པ་ཕྱིར་བསྐྱོད་ལག་ཁྱེར་ཞུ་སའི་ལས་ཁང་དུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཁོང་གཉིས་ལ་གྱོད་དོན་དྲི་རྩད་བྱས་ཡོད་ཅིང་། མི་གསོད་མཁན་ནི་ཕྱི་འབྲེལ་ལས་བྱེད་མི་སྣ་མིན་པ་རེད། ཡིན་ནའང་གཉིས་ཀས་ཕྱི་འབྲེལ་མི་སྣའི་དམིགས་བསལ་ཐོབ་ཐང་ལོངས་སུ་སྤྱོད་ཆོག་པའི་རེ་བ་བཏོན་ཡོད་པ་རེད། མི་གསོད་གྱོད་དོན་བྱུང་བའི་སྐབས་སེ་བུ་རྒྱ་ནག་གཞུང་ཚབ་ལས་ཁང་གི་འགོ་འཛིན་སུའང་རུང་ཧ་དང་ལས་བྱེད་ཚོ་ ཧྥེ་ལི་པིན་(Philippine)གི་ཟ་ཁང་ཞིག་ནང་སྐྱེས་སྐར་གྱི་འདུ་འཛོམས་བྱེད་པའི་སྐབས་དོན་རྐྱེན་དེ་བྱུང་བ་དང་། སྐབས་དེར་ཟ་ཁང་ནང་སྐད་ཅོར་གྱིས་ཁེངས་ཤིང་། ཟ་ཁང་གི་མི་སྣས་འཁྲུག་རྩོད་བྱུང་གཞི་གང་ཡིན་མིན་ཤེས་རྟོགས་བྱུང་མེད་པ་དང་། དེ་ནས་སྐར་མ་ཁ་ཤས་སོང་རྗེས་མེ་མདའ་སྒྲ་གོ་ཐོས་བྱུང་ལུགས་ཞེས་བཤད་ཡོད་འདུག
མི་གསོད་ཀྱི་དོན་རྐྱེན་དེའི་ཀུན་སློང་ཇི་ཡིན་ཐད་ ཧྥེ་ལི་པིན་(Philippine)གི་ཉེན་རྟོག་ཕྱོགས་ནས་བརྟག་ཞིབ་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་ཚབ་སུའང་རུང་ཧ་ནི་ཟླ་དགུ་པའི་ནང་གཞུང་ཚབ་ལས་གནས་སུ་འཁོད་ཙམ་ཡིན་པ་དང་། ལག་དམར་བ་དང་གཞུང་ཚབ་བར་མི་མཐུན་པའི་འགལ་བ་ཡོང་མི་སྲིད་པ་ཡིན་སྐོར་གོ་ལའི་ཚགས་པར་གྱིས་ངོས་འཛིན་བྱས་པའི་སྐོར་བཀོད་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།