༧སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཨ་རིའི་མཐོ་སློབ་ཞིག་གིས་ཕུལ་བྱུང་བུད་མེད་ལ་ཕུལ་སྲོལ་ཡོད་པའི་གཟེགས་རྟགས་ཕུལ་འདུག

ཨ་རིའི་ཝར་ཇི་ནི་ཡ་མངའ་སྡེ་ནང་ཡོད་པའི་རེན་ཌོལཕི་(Randolph)་མཐོ་སློབ་ཀྱི་མཚན་སྙན་ཆེ་བའི་པརལི་སྦཀ་(Pearl S.Buck)ཞེས་པའི་ཕུལ་བྱུང་གཟེངས་རྟགས་དེ་༧སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཕུལ་སོང་།

ཨ་རིའི་(Randolph)་མཐོ་སློབ་ཀྱི་མཚན་སྙན་ཆེ་བའི་(Pearl S.Buck)་ཞེས་པའི་ཕུལ་བྱུང་གཟེངས་རྟགས་དེ་༧སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཕུལ་སྐབས། ༠༤།༡༨།༢༠༢༤ Facebook / Randolph College

༢༠༢༤་ཟླ་༤ཚེས་ ༡༨ ཉིན་རྒྱབ་ཨ་རིའི་ཝར་ཇི་ནི་ཡ་མངའ་སྡེའི་ལིནཆ་སྦརྐ་(Lynchburg)་ས་གནས་སུ་ཆགས་པའི་ རེན་ཌོལཕི་(Randolph)་མཐོ་སློབ་ཀྱི་ སིམིཐི་ ཧོལ་(Smith Hall Theatre)་ཚོགས་ཁང་ནང་དམིགས་བསལ་མཛད་སྒོ་ཞིག་བསྐོང་ཚོགས་གནང་ཐོག་རེན་ཌོལཕི་ (Randolph) མཐོ་སློབ་ཀྱི་ཕུལ་བྱུང་བུད་མེད་རྣམས་ལ་འབུལ་སྲོལ་ཡོད་པའི་གཟེངས་རྟགས་ཆེ་ཤོས་དེ་༧སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་འབུལ་གནང་སོང་།
གཟེངས་རྟགས་དེ་ནི་འཛམ་གླིང་ནང་བསམ་བློའི་རིན་ཐང་ལྡན་ཞིང་མིག་དཔེར་ལྟ་འོས་པ། ཕུགས་བསམ་མངོན་འགྱུར་གྱི་ཆེད་དུ་བློས་གཏོང་གནང་མཁན་གྱི་བུད་མེད་རྣམས་ལ་འབུལ་སྲོལ་ཡོད་ཅིང་། བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ཕྱི་ལོ་ ༡༩༦༤ ནས་ ༢༠༠༦ སྐུ་ཚེ་ཧྲིལ་པོར་བཙན་བྱོལ་ནང་གི་བོད་ཕྲུག་མང་པོ་བྱམས་བརྩེས་བསྐྱངས་གནང་བར་གཟེངས་བསྟོད་ངོས་འཛིན་མཚོན་སླད་ཕུལ་བ་ཞིག་ཡིན་འདུག


མཐོ་སློབ་དེའི་གཙོ་འཛིན་ (Sue Ott Rowlands) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། པརལི་ སྦཀ་ (Pearl་S Buck) བྱ་དགའ་དེ་ཕྱི་མི་ལ་སྤྲོད་པའི་མཐོ་སློབ་དེའི་གཟེངས་རྟགས་མཐོ་ཤོས་དེ་ཡིན་པ་དང་། གཟེངས་རྟགས་འདེམས་སྒྲུག་ཚོགས་ཆུང་ལ་འོས་མི་ཁྱད་དུ་འཕགས་པ་མང་པོ་བྱུང་ཡང་། ༧སྐུའི་གཅུང་མོ་རྗེ་བཙུན་པད་མ་ལགས་ལས་ལྷག་པའི་ཕྱི་ལོ་ ༢༠༢༤ ལོའི་གཟེངས་རྟགས་དེ་འོས་བབས་ཡོད་མཁན་གཞན་ཞིག་བྱུང་མ་སོང་བས་མཐའ་མ་ པརལི་སྦཀ་ (Pearl S.Buck) གི་ཆོད་སེམས་དང་རིན་ཐང་བཅས་ལ་མིག་དཔེ་མཚོན་ཐུབ་མཁན་གྱི་ཕུལ་བྱུང་བུད་མེད་ལྕམ་སྐུ་རྗེ་བཙུན་པད་མ་ཁོང་བདམས་པ་རེད་ཅེས་དང་། གཟེངས་རྟགས་ཕྱག་འཁྱེར་མཉམ་དུ་དངུལ་འཛིན་ཨ་སྒོར་ ༢༥༠༠༠ བྱ་དགའ་ཡོད་པ་རེད་ཅེས་གསུངས་བྱུང་། དེའི་ཐད་༧སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པད་མ་ལགས་ཀྱིས་བོད་ཕྲུག་ཁྱིམ་སྡེའི་དགེ་ལས་ཡོངས་ཀྱི་ཚབ་ཞུས་ནས་བྱ་དགའ་ཐོབ་པར་དགའ་སྤོབས་བྱུང་ཅེས་དང་བྱ་དགའ་དངུལ་ཡོངས་རྫོགས་བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་ཐོག་འབུལ་རྒྱུ་ཡིན་པ་གསུངས་སོང།
པརལི་སྦཀ་ (Pearl S. Buck) ནི་ཕྱི་ལོ་ ༡༩༡༤ ལོའི་མཐོ་སློབ་དེའི་སློབ་མ་ཞིག་ཡིན་པ་དང་། རྩོམ་རིག་སྒྱུ་རྩལ་གྱི་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་གྱི་ཨ་རིའི་བུད་མེད་དང་པོ་དེ་ཡིན་པ་རེད། ཁོང་མོའི་མཚན་སྙན་རྗེས་དྲན་གྱི་གཟེངས་རྟགས་དེ་འདི་ལོ་སླར་གསོ་བྱས་པ་དང་སྦྲགས་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གཟེངས་རྟགས་བཞེས་མཁན་བདུན་པ་དེ་ཆགས་ཀྱི་ཡོད་ཅིང་། དེ་སྔོན་གྱི་གཟེངས་རྟགས་ཐོབ་མཁན་ཁོངས་ནས་ཕྱི་ལོ་ ༡༩༩༨ ལོར་ཧྥི་ལིན་ཕིན་གྱི་སྲིད་འཛིན་ཟུར་བ་ཁོ་ར་རྫོན་ (Corazon Aquino)་ལགས་དང་ཕྱི་ལོ་ ༢༠༠༠ ལོར་བྷང་ལ་དྷེཤི་ཡི་སྲིད་བློན་ཟུར་བ་ཤེཀ་ ཧ་སི་ནཱ་(Sheikh Hasina) ལགས་དང་ཕྱི་ལོ་ ༢༠༠༣ ལོར་ཨཡེར་ལནཌི་སྲིད་འཛིན་ཟུར་བ་མེ་རེ་རོ་བྷིན་སན་(Mary Robinson) ལགས་སོགས་འཛམ་གླིང་ནང་འབུར་དུ་ཐོན་ཞིང་བྱས་རྗེས་ཅན་གྱི་བུད་མེད་ཁག་ཅིག་ལ་གཟེངས་རྟགས་དེ་འབུལ་བཞེས་གནང་མྱོང་ཡོད་འདུག


གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ཨ་རིའི་ས་ཁུལ་འགའ་ཤས་ནས་བོད་མི་ཁག་ཅིག་ཕེབས་འདུག་ལ། ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་ཚོ་དང་དེ་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག། ཤལ་ལེ་སི་ཝི་བཅས་ནས་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་ཁག་ཅིག་ཆེད་དུ་ཨ་མ་ལགས་གཟེངས་རྟགས་འབུལ་བཞེས་གནང་བ་དེ་གལ་ཆེན་པོ་ཞིག་བརྩིས་ནས་དགའ་བསུ་ཞུ་བར་བཅར་འདུག
ད་ཐེངས་ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་གཟེངས་རྟགས་འབུལ་བཞེས་དང་ཆབས་གཅིག་མཐོ་སློབ་དེའི་ནང་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཨ་མ་ལགས་ཞེས་པའི་དངོས་བྱུང་གློག་བརྙན་དེ་ཡང་བསྟན་གནང་ཡོད་པ་རེད།
(Pearl S.Buck) ཁོང་མོ་སྐུ་འཚོ་བཞུགས་སྐབས་ཨ་རིའི་ནང་ཡུན་རིང་ནས་སྤྱི་དམངས་ཐོབ་ཐང་འཐབ་རྩོད་པ་ཞིག་དང་། བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་པ། བྱིས་པའི་ཐོབ་ཐང་འཐབ་རྩོད་པ་དང་དབང་པོ་སྐྱོན་ཅན་གྱི་ཐོབ་ཐང་འཐབ་རྩོད་པ་སོགས་ཡིན་ཞིང་། སྐབས་དེར་མང་ཚོགས་ནང་དེ་དག་གི་སྐོར་དེ་ཙམ་གྱིས་གླེང་གི་མེད་པའི་དུས་སྐབས་ཤིག་ཡིན་པ་རེད།
ཡང་ཁོང་མོའི་བརྩམས་སྒྲུང་ས་གཞི་བཟང་པོ་(The Good Earth)་ཞེས་པ་དེར་སྙན་གྲགས་ཆེ་བའི་(Pulitzer) རྩོམ་རིག་གི་བྱ་དགའ་དེ་ཐོབ་ཡོད་འདུག བརྩམས་སྒྲུང་དེའི་ནང་དུས་རབས་ཉི་ཤུ་པའི་ནང་རྒྱ་ནག་གི་ཞིང་པའི་འཚོ་བ་དང་རྒྱུན་དུ་དཀའ་ཚེགས་འོག་འཚོ་བ་བསྐྱེལ་བཞིན་པའི་བུད་མེད་ཚོའི་བལྟ་ཚུལ་ཁག་བཀོད་ཡོད་པ་རེད། ཕྱི་ལོ་ ༡༩༣༨ ལོར་ཁོང་མོར་རྩོམ་རིག་སྒྱུ་རྩལ་གྱི་ནོ་སྦེལ་གཟེངས་རྟགས་དེ་ཐོབ་འདུག


གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org